27821

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབོན་རས་དར་མ་སེང་གེ་ (1)
Part of speech མིང་ཚིག
Definition རྗེ་དབོན་ཆེན་རས་པ་དར་མ་སེང་གེ་མཆོག་ནི། ཆོས་རྗེ་གཙང་པ་རྒྱ་རས་ཀྱི་གཅེན་པོ་ལྷ་གཉེན་དང་། ཇོ་མོ་རྒྱན་གཉིས་ལ་སྲས་གཉིས་བྱུང་བའི་ཆེ་ཤོས་སུ། རབ་བྱུང་གསུམ་པའི་མེ་བྱ ༡༡༧༧ ལོར་འཁྲུངས། སྐུ་ཆུང་ངུའི་དུས་ནས་བྱིས་པ་རྣམས་ལ་ཆོས་འཆད་ཚུལ་མཛད། བཅུ་གཅིག་ལ་ཀློག་ཤིན་ཏུ་མཁས་པར་གྱུར་ནས་གྲགས་པ་ཐོན། ཉེར་གཅིག་པ་ལ་ཆོས་རྗེའི་དྲུང་དུ་བྱོན། ཆོས་རྗེས་ཉེ་གནས་ལ། དེ་རིང་ཆོས་སྐྱོང་འགོ་བའི་མི་ཞིག་འོང་བས། གཏོར་མ་གྲབས་གྱིས་གསུངས། དེ་ཉིད་དུ་ཆོས་སྐྱོང་གི་དབང་གནང་ཞིང་། རབ་ཏུ་བྱུང་བའི་མཚན་དར་མ་སེངྒེར་གསོལ། སྲིབ་ཀྱི་གྲ་མ་སྨུག་པོར་ལོ་གསུམ་ལ་སྒྲུབ་པ་མཛད། བླ་མ་རྔོག་པ་ལ་བསྟེན་ནས། དགྱེས་རྡོར་གྱི་དབང་ཁྲིད་སོགས་རྔོག་གི་ཆོས་སྐོར་གསན། དུས་རྒྱུན་དུའང་གསུང་བཅད་མཛད་དེ། བསྙེན་སྒྲུབ་རང་མཛད་པས། དེའི་དབང་གིས་ནུས་པ་རྫུ་འཕྲུལ་ཐོགས་མེད་མངའ་ཞིང་། ཞབས་རྗེས་བདུན་བཞག སྟག་རིའི་ས་གཉན་ཞིག་ཏུ་གསང་སྤྱོད་ལ་བྱོན་པར། མཁའ་འགྲོ་མ་མཚར་སྡུག་རུས་པའི་རྒྱན་གྱིས་བརྒྱན་པ་གསུམ་བྱུང་ནས། ཁྱེད་རྒྱ་གར་གྱི་ཡུལ་དེ་ཐུགས་ལ་གསལ་ལམ། ཞེས་ཟེར་བའི་མོད་ལ། རྗེ་མར་པའི་སྐབས་ཤིག་ཡིན་པ་གསལ་པོར་དྲན། སྟག་རི་གངས་རར་རྟ་མགྲིན་གྱི་ཞལ་གཟིགས། ཆོས་སྐྱོང་དང་སྡེ་བརྒྱད་ལས་ལ་བཀོལ་བའི་མངོན་རྟགས་སུ། ཆོས་རྗེ་གཞུང་དུ་བྱོན་སྐབས། འབྲུག་གི་གནས་བརྟན་དུ་བཞག་པ་ན། རྗེ་ཉིད་སྐུ་ཡི་བཀོད་པ་བཞིར་སྤྲུལ་ཞིང་། ཆོས་སྐྱོང་མགོ་བརྙན་ཅན་སྣ་ཚོགས་པས་རོགས་ཞུས་ཏེ། ཤིང་གཏོས་ཆེ་བར་བསགས་པས། ཆོས་རྗེ་ཕྱིར་བྱོན་དུས་མི་ཞིག་གིས་བསགས་པའི་ཤིང་མང་བ་འདུག་གསུངས། ཕྱུགས་རྫིས་སྨྲས་པ། ཤིང་ཁོང་གཅིག་པུ་མིན། མགོ་བརྙན་སྣ་ཚོགས་ཅན་འགས་ཀྱང་བསགས་སོང་ཟེར། ཁྱི་ནག་ཕ་ཇོའི་མགུལ་དུ་ཡི་གེ་བཏགས་ཏེ་གར་བརྫང་སར་འགྲོ་བ། ཚུར་ལན་ཡང་ལན་དེ་ཁར་ཁུར་ཡོང་བ་ཐམས་ཅད་ཆོས་སྐྱོང་གི་སྤྲུལ་པ་ཡིན། ར་ལུང་གི་ཕྱི་རྟེན་བཀྲ་ཤིས་སྒོ་མང་གི་གཉྫི་ར་ཐེགས་མ་ཐུབ་པས། རྗེ་ཉིད་སྤྲུལ་པའི་རྐྱང་ལ་ཆིབས་ཏེ། སྐད་ཅིག་གིས་གུང་དྲོའི་སྐབས་བྱོན། རྫུ་འཕྲུལ་གྱིས་གཉྫི་ར་བཞག་པར་ཆིབས་ཀྱི་རྗེས་བྱུང་། དེ་ཉིད་རབ་ཏུ་གནས་སྐབས་བརྒྱུད་པའི་བླ་མ་རྣམས་དངོས་སུ་བྱོན་པ་གཟིགས། འབྲུག་གི་བྱང་ཆུབ་ཆེན་པོ་དང་། ར་ལུང་གི་བཀྲ་ཤིས་སྒོ་མང་སོགས་བཞེངས། ཆོས་རྗེའི་སློབ་མ་ཕྱིས་འབྱུང་རྣམས་ལ་གདམས་ངག་རྫོགས་པར་མཛད། ཉིད་ཀྱི་སློབ་མ་འབྲུག་སྒོམ་ཞིག་པོས་ལྷོ་ཁ་བཞི་དབང་དུ་བསྡུས། དེ་ལྟར་དགུང་ལོ་སོ་བཞི་ལ་གདན་སར་བཞུགས་པ་ནས་བཟུང་། ཉེར་བརྒྱད་བར་གདན་ས་དར་རྒྱས་མཛད་པའི་མཐར། དགུང་གྲངས་རེ་གཅིག་པ་མེ་བྱ་ ༡༢༣༧ ལོའི་སྟོན་ཟླ་ར་བའི་ཚེས་གསུམ་གྱི་སྔ་དྲོར། སྐུ་ལ་འཇའ་འོད་འཁོར་བ་སོགས་ངོ་མཚར་བའི་རྟགས་དང་བཅས་གཤེགས་སོ། །ཞལ་སློབ་ནི་རྗེ་རྒོད་ཚང་པ་དང་། ཕ་ཇོ་འབྲུག་སྒོམ་ཞིག་པོ། གཞོན་ནུ་སེང་གེ་སོགས་བུ་ཆེན་ཕྱི་ཚར་བ་ཐམས་ཅད་འདིའིི་སློབ་གྲལ་དུ་གཏོགས་སོ། །