27825
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྗེ་སྒམ་པོ་པའི་གཅེན་པོ་རྒྱ་པ་སེ་རེ་དང་། ཡུམ་ཚེ་ལྕམ་གཉིས་ལ་སྲས་གསུམ་འཁྲུངས་པའི་ཆེ་བར། རབ་བྱུང་གཉིས་པའི་མེ་སྤྲེལ་ ༡༡༡༦ ལོར་བལྟམས། བཅུ་བདུན་པར་དགེ་བཤེས་མངའ་རིས་པ་ལ་རབ་ཏུ་བྱུང་། ཉི་ཤུ་པར་ཤབ་པ་གླིང་དུ་བསྙེན་པར་རྫོགས། མཚན་ཚུལ་ཁྲིམས་སྙིང་པོར་གསོལ། རྗེ་སྒོམ་པོ་པ་ལས་སྔ་རྗེས་ཅི་རིགས་སུ་གདམས་ངག་ཐམས་ཅད་གསན། གཉགས་ལྷ་བྱར་མའི་གངས་དང་། ལམ་ཕུག་དང་། ཤ་འུག་སྟག་སྒོ་སོགས་སུ་སྒྲུབ་པ་མཛད་པས། ཕྱག་རྒྱ་ཆེན་པོ་དང་ཐབས་ལམ་ལ་མངའ་བརྙེས། སོ་ལྔ་པ་ལ་གདན་སར་དབང་བསྐུར། དེའི་དུས་ད་ང་རྒས་པས་ཁྱེད་རང་རྣམས་ཚུལ་ཁྲིམས་སྙིང་པོ་ལ་བཏུད་ཅིག་གསུངས། དཔལ་ཁམས་པ་ཆེན་པོས་ཀྱང་བླ་མ་གཉིས་པར་བཀུར་ན་གཞན་རྣམས་ལྟ་ཅི། སྒམ་པོ་པ་སྐུ་གཤེགས་རྗེས་གདུང་རྟེན་བཀྲ་ཤིས་སྒོ་མང་བཞེངས་ཤིང་། མཆོད་ཁང་རྙིང་མ་དང་སྒོམ་སྡེའི་མཁར་ལས་ཀྱང་མཛད། གསང་ཕུར་བྱོན་ནས་གྲྭ་པ་བརྒྱ་ཙམ་འདུས། དེར་དགྱེས་རྡོར་ལྷ་དགུའི་ཞལ་གཟིགས། དེ་གཉལ་སྟོན་ལ་བསྙད་པས། ང་ལ་ཡང་སྟོན་པར་ཞུས་པས། ཁོང་གིས་ཀྱང་མཐོང་། དེ་ནས་སྟོད་ལུང་དུ་གནས་བརྟན་ཤེས་རབ་གྲགས་ཀྱིས་སྤྱན་དྲངས། མཚུར་ལྷ་ལུང་གི་དགོན་པ་བཏབ། དབུས་གཙང་ཁམས་གསུམ་གྱི་གྲྭ་པ་ཚན་ཆེ་བ་འདུས། ལྷ་སར་ཕེབས་པའི་ཚེ། ལྷ་ས་སྡེ་འཁྲུག་གི་རྐྱེན་གྱིས་རེ་ཧྲུལ་དུ་སོང་འདུག་པས་གསོ་བར་མི་ནུས་སམ་སྙམ་པའི་ཚེ། མནལ་ལམ་དུ་རྗེ་སྒམ་པོ་པས་ཁྱོད་ཀྱིས་ང་འཇོག་ཕོད་དམ་གསུང་བ་བྱུང་། ཇོ་བོའི་སྐུ་ལས་དངོས་སུ་སྤྱན་ཆབ་བྱུང་བས། དེ་ཉིད་དུ་བཞུགས་ནས་ཞིག་གསོས་མཛད། གསེར་སྟོན་ལ་སོགས་པའི་སྲོལ་བཙུགས། ཡར་འབྲོག་ལ་སོགས་ནང་འཁྲུག་གང་ན་ཡོད་པ་རྣམས་སུ་བྱོན་ནས་འདུམ་ལེགས་པར་གནང་། ཕྱག་རྒྱ་ཆེན་པོ་རྟོགས་པས་ཐུགས་ཀྱི་སྒྲིབ་པ་བྲལ་ཏེ། གསུང་རབ་ཐམས་ཅད་ལ་ཐོགས་པ་མེད་པའི་སྨྲ་བ་ཆེན་པོར་གྱུར་པས། ཕྱག་སོར་བ་དང་གཙང་ནག་པ་སོགས་ཀྱིས་ཞབས་ལ་བཏུད། འོལ་ཁའི་མགར་ཕུག་ཏུ་ལོ་གཅིག་ཆོས་ཤིན་ཏུ་དམར་བ་གསུངས། སྒམ་པོར་ཕེབས་ནས་གྲྭ་པ་རྣམས་ལ་ང་སུ་ཡང་མི་མཇལ་བའི་མཚམས་བྱེད་པས། ཁྱེད་རང་རྣམས་དགེ་བཤེས་ཁམས་པ་དང་མངའ་རིས་པ་གང་མོས་ལ་སྟེན་གསུངས་ནས། ང་བཞི་པ་ས་གླང་ ༡༡༦༩ ལོའི་དབྱུག་པ་ཟླ་བའི་ཚེས་ཉི་ཤུ་ལ་གཤེགས་སོ། །གདན་ས་གཅུང་སྒོམ་ཆུང་གིས་ལོ་གཉིས་བཟུང་། དེ་ནས་དྭགས་པོ་འདུལ་འཛིན་གྱིས་བསྐྱངས། བར་དུ་འབྲི་གུང་གླིང་པས་གདན་ས་ཡུད་ཅིག་དང་། འབྲུག་པ་རྒྱལ་དབང་རྗེས་ལོ་དྲུག གཞན་སྤྱན་སྔ་སྒོམ་པ་ཉིད་ཀྱི་དབོན་རིམ་པར་བྱོན་པའོ། ། |