27924

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབྱར་གནས་པའི་དུས་ཡུན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དབྱར་སྔ་མ་ཡིན་ན་དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་པར་ཁས་ལེན་དགོས་པ་ཡིན་ཏེ། འཇིག་རྟེན་ལུགས་ཀྱི་དབྱར་ཟླ་འབྲིང་པོ་དེ། བསྟན་བཅོས་ལུགས་ཀྱི་དབྱར་ཟླ་དང་པོ་ཡིན་པའི་ཕྱིར། དབྱར་ཕྱི་མ་ཡིན་ན་དབྱར་ཟླ་ཐ་ཆུང་ཉའི་ཕྱི་དེ་ཉིན་པར་གྱི་ཉིན་ཁས་ལེན་དགོས་པ་ཡིན་ཏེ། འཇིག་རྟེན་ལུགས་ཀྱི་དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་གི་ཉིན་ཞག་གཅིག་པོ་དེ། ཆོས་འདུལ་བའི་ལུགས་ཀྱི་དབྱར་ཐུང་ངུའི་དུས་ཡིན་པའི་ཕྱིར་རོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས་སོ། ། འཇིག་རྟེན་ཡོངས་གྲགས་ཀྱི་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག དེ་ལ་འདུལ་བ་པས་གྲོ་ཞུན་ཟླ་བའི་མར་ངོའི་ཚེས་གཅིག་ཏུ་བརྗོད་པ། དེའི་ཉིན་ཁས་ལེན་ལ། ཡུན་ནི་དེ་ནས་བགྲངས་པའི་ཟླ་བ་གསུམ་གྱི་བར་དུ་ཁས་ལེན་ཏེ། སྟོན་ཟླ་འབྲིང་པོའི་ཡར་ངོའི་ཚེས་བཅོ་ལྔའི་བར་རོ། །དབྱར་ཕྱི་མ་ནི་འཇིག་རྟེན་ཡོངས་གྲགས་ཀྱི་དབྱར་ཐ་ཆུང་གི་ཉའི་ཕྱི་དེ་ཉིན་བར་སྟེ་ཚེས་བཅུ་དྲུག་དེ་ལ་འདུལ་བ་པས་ཁྲུམ་ཟླའི་མར་ངོའི་ཚེས་གཅིག་ཏུ་གྲགས་པའི་ཉིན་ཁས་ལེན་ལ། ཚད་ནི་དེ་ནས་བགྲངས་པའི་ཟླ་བ་གསུམ་གྱི་བར་ཏེ། སྨིན་དྲུག་གི་ཡར་ངོའི་བཅོ་ལྔའི་བར་རོ། །འདི་ལ་ཆོས་ཀྱི་སྤྱན་ལྡན་བུ་སྟོན་རིན་པོ་ཆེའི་གསུང་ལས། བསྟན་བཅོས་ལས་བཤད་ཚོད་དེ་ལྟར་ཡིན་ནའང་དུས་ཚོད་རིམ་གྱིས་འཆུགས་པའི་དབང་གིས་དེང་སང་ལག་ལེན་ལ་དེ་ལྟར་བྱེད་པ་མ་ཡིན་ཏེ། ཡིན་ན་ཆར་ཆུའི་སྒང་ཡོལ་ནས་དབྱར་གནས་བྱེད་དགོས་པ་དང། དགག་དབྱེ་དགུན་གྱི་མགོ་སྒང་ལ་འབྱུང་བ་སོགས་ཀྱི་ཉེས་པ་ཡོད་དོ། །དེས་ན་འདི་ལྟར་ཡིན་ཏེ། དྲང་སྲོང་རྔ་བོང་གི་དུས་སོགས་འཇིག་རྟེན་རྒན་པོའི་དུས་དེ་ལས་སྟོན་པ་འཇིག་རྟེན་དུ་བྱོན་པའི་དུས་སུ་ཉི་མ་ལྡོག་པ་ཟླ་བ་གཅིག་གི་སྔ་བར་སོང་ཡོད་པ་ཡིན་ཏེ། རྔ་བོང་གི་དུས་དེར་སྨིན་དྲུག་ཟླ་བ་ལ་ཉིན་མཚན་མཉམ་པ་འབྱུང་བར་བཤད་ལ། སྟོན་པ་བྱོན་པའི་དུས་སུ་སྟོན་ཉིན་མཚན་མཉམ་པའི་དུས་ནི་སྔ་མ་དེ་ལས་ཟླ་བ་གཅིག་གི་སྔ་བར་བཤད། དེང་སང་ནི་དེ་ལས་ཀྱང་ཞག་བཅུ་གསུམ་ལྷག་ཙམ་གྱི་སྔ་བར་སོང་ཡོད་པས་སོ། །ཞེས་པའི་སྒྲུབ་བྱེད་བཀོད་ནས་ཧོར་ཟླ་ལྔ་པ་སྣྲོན་གྱི་ཟླ་བ་ཡར་ངོ་སྔོན་དུ་འགྲོ་བའི་ཧྲིལ་པོ་འདི་དབྱར་ཟླ་འབྲིང་པོར་བཤད་ནས། དེའི་ཚེས་བཅུ་དྲུག་ནས་དབྱར་སྔ་མ་ཁས་ལེན་པའི་རྣམ་བཞག་མཛད་ཅིང། དེ་ཉིད་ཁ་ཆེ་པཎ་ཆེན་གྱི་ཕྱག་ལེན་དང། གྲུབ་མཐའ་གཉིས་ཀ་ཡིན་ནོ། །ཞེས་བཞེད་དོ། །དེ་ལྟར་ཆར་ཆུའི་སྒང་ཡོལ་པར་འགྱུར་བ་དང། དགག་དབྱེ་དགུན་གྱི་མགོ་ལ་འབྱུང་བའི་ཉེས་པ་རྣམས་བསྟན་བཅོས་ནས་བཤད་པ་ལྟར་གྱི་དབྱར་ཕྱི་མ་ཁས་ལེན་ལ་འཇུག་ཤས་ཆེ་བ་དང། ཁྱད་པར་དབྱར་ཁས་ལེན་འདི་གཙོ་བོར་ནི་སྲོག་ཆགས་ལ་གནོད་པ་སྤང་བའི་ཆེད་ཡིན་པས་སྣྲོན་ཟླ་བ་ནས་དབྱར་ཁས་ལེན་ཐུབ་ན་སྐྱོན་མེད་ཅིང་ཤིན་ཏུ་ལེགས་པ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།