29661

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དུས་གོ་སྐབས་སུ་བརྗོད་པར་བྱ་བའི་དངོས་པོ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དུས་གོ་བརྗོད་པའི་སྐབས་སུ་ངེས་པར་དུ་བརྗོད་དགོས་པའི་ལོ་ཟླ་སོགས་དུས་ཚོད་ཀྱི་རིམ་པ་རྣམས་སོ། །དེ་ཡང་འདུལ་བའི་ལུགས་ཀྱི་དུས་ཚོད་ཀྱི་བརྩི་སྲོལ་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་ལ་བདུན་ཡོད་དེ། ལོ་དང་། དུས་ཚོད། ཟླ་བ་དང་། ཟླ་བའི་ངོ་དང་། ཚེས་གྲངས་དང་། ཉིན་མཚན་གྱི་ཆ་དང་། གྲིབ་ཚོད་རྣམས་སུ་ཡོད་པའི་ཕྱིར། དེའི་དང་པོ་ཡོད་དེ། བྱི་བ་ལོ་ནས་ཕག་ལོའི་བར་བཅུ་གཉིས་སུ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། དགུན་གྱི་དུས་དང་། དཔྱིད་ཀྱི་དུས་དང་། དབྱར་གྱི་དུས་དང་། དབྱར་ཐུང་ངུའི་དུས་དང་། དབྱར་རིང་པོའི་དུས་རྣམས་སུ་ཡོད་པའི་ཕྱིར། དེ་དག་སོ་སོའི་མཚན་གཞི་ཡོད་དེ། དགུན་ཟླ་ར་འབྲིང་ཐ་གསུམ། དཔྱིད་ཟླ་ར་བ་དང་བཞི་དང་པོ་དང་། དཔྱིད་ཟླ་འབྲིང་པོ་དང་། ཐ་ཆུང་དང་། དབྱར་ཟླ་ར་འབྲིང་དང་བཞི་གཉིས་པ་དང་། དབྱར་ཟླ་ཐ་ཆུང་གསུམ་པ་དང་། སྟོན་ཟླ་ར་བའི་མར་ངོའི་ཚེས་གཅིག་བཞི་པ་དང་། ལྷག་མ་ཟླ་བ་གསུམ་དུ་ཞག་གཅིག་གིས་མ་ཆོག་པ་ལྔ་པ་ཡིན་པའི་ཕྱིར། གསུམ་པ་ཟླ་བ་ཡོད་དེ། དགུན་ཟླ་ར་འབྲིང་ཐ་གསུམ། དཔྱིད་ཟླ་ར་འབྲིང་ཐ་གསུམ། དབྱར་ཟླ་ར་འབྲིང་ཐ་གསུམ། སྟོན་ཟླ་ར་འབྲིང་ཐ་གསུམ་རྣམས་ཡིན་པའི་ཕྱིར། འོ་ན། དགུན་ཟླ་ར་བའི་མགོ་གང་ནས་འཛིན་པ་ཡིན་ཞེ་ན། བོད་ཟླ་བཅུ་པའི་མར་ངོའི་ཚེས་གཅིག་ནས་ལོ་མགོ་ཤར་བར་འཇོག་པ་ལྟར། དགུན་ཟླ་ར་བའི་མགོ་ཡང་དེ་ཉིད་ནས་བཟུང་བར་བྱ་བ་ཡིན་པ་ནི། མཛོད་འགྲེལ་ལས། སངས་རྒྱས་པ་རྣམས་ཀྱི་དུས་ཀྱི་དང་པོ་ནི་དགུན་ནོ། །ཞེས་གསུངས་ཏེ། གསོ་སྦྱོང་གི་སྐབས་སུ་སྤྲོས་ནས་འཆད་པར་འགྱུར་རོ། །བཞི་པ་ཟླ་བའི་ངོ་ཡོད་དེ། ཡར་ངོ་དང་མར་ངོ་གཉིས་སུ་ཡོད་པའི་ཕྱིར། ལྔ་པ་ཚེས་གྲངས་ཡོད་དེ། གཅིག་ནས་བཅོ་ལྔའི་བར་དུ་ཡོད་པའི་ཕྱིར། དྲུག་པ་ཉིན་མཚན་གྱི་ཆ་ལ་ཉེར་གཉིས་ཡོད་དེ། སྔ་དྲོ། གུང་། ཕྱི་དྲོ། མཚན་མོའི་ཐུན་དང་པོ། ཐུན་དང་པོའི་ཕྱེད། གཞུང་ཐུན། གཞུང་ཐུན་གྱི་ཕྱེད། ཐུན་ཐ་མ། ཐུན་ཐ་མའི་ཕྱེད། སྐྱ་རེངས་མ་ཤར་བ། སྐྱ་རེངས་ཤར་བ། ཉི་མ་མ་ཤར་བ། ཉི་མ་ཤར་བ། ཉི་མ་བརྒྱད་ཆ་ཤར་བ། ཉི་མ་བཞི་ཆ་ཤར་བ། གཞུང་ཚིགས་མ་ཡོལ་བ། ཉི་མ་བཞི་ཆ་ལུས་པ། ཉི་མ་བརྒྱད་ཆ་ལུས་པ། ཉི་མ་མ་ནུབ་པ། ཉི་མ་ནུབ་པ། རྒྱུ་སྐར་རྣམས་མ་ཤར་བ། རྒྱུ་སྐར་རྣམས་ཤར་བ་སྟེ་ཉེར་གཉིས་ཡོད་པའི་ཕྱིར། ཉི་མ་བརྒྱད་ཆ་ཤར་བ་དང་། བཞི་ཆ་ཤར་བའི་དོན་ལ་ཁ་ཅིག ། ཉི་མའི་དཀྱིལ་འཁོར་གྱི་བརྒྱད་ཆ་དང་། བཞི་ཆ་ལ་བྱེད་པ་མི་རིགས་ཏེ། ཉི་མ་སྤྲིན་ལ་སོགས་པས་སྒྲིབ་པའི་ཚེ་དུས་ཀྱི་ཁྱད་པར་མི་ཤེས་པའི་སྐྱོན་ཡོད་པའི་ཕྱིར་དང་། ནམ་མཁའི་བརྒྱད་ཆ་དང་། བཞི་ཆ་ལ་བྱེད་པའི་ཕྱིར། ཕྱི་མ་གྲུབ་ཏེ། ཀརྨ་ཤ་ཏམ་ལས། ཉི་མ་དྲོས་བུ་ཆུང་ངུ་དང་། ཉི་མ་དྲོས་བུ་ཆེ། ཞེས་དང་། ཞེས་སོགས་གསུངས།
Domain ཆོས་ལུགས།