31465
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། དེ་ཡང་འཁྲུངས་ཡུལ་ནི་གནས་མཆོག་འོལ་མོ་ལུང་རིང་ཡིན་ཞིང་། དམ་པ་ཁོང་མཚན་དཔེ་དང་ལྡན་པ་ཡབ་སྟོན་པ་གཤེན་རབ་དང་ཡུམ་རྒྱལ་པོ་ཧོས་རིགས་ཀྱི་བུ་མོ་ཧོས་ཟ་རྒྱལ་མེད་མ་གཉིས་ཀྱི་སྲས་སུ་ཕྱི་ལོའི་སྔོན་ ༡༤༥༠༩ ལོར་འཁྲུངས་པའི་གཏོ་བུ་འབུམ་སངས་ཉིད་ཀྱི་མཚན་གྱི་རྣམ་གྲངས་ཞིག་སྟེ། རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་ལས་གསུངས་པ་ལྟར། སྔོན་ཕོ་གླིང་ཁྲི་སྨོན་རྒྱལ་བཞེད་དང་མོ་གླིང་ཁོལ་མ་ནེའུ་ཆུང་གཉིས་ཀྱི་བར་རང་བྱུང་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ། སྐུ་ཡི་སྲས་མཆོག་བརྒྱད་དང་གསང་འཁོར་ཡེ་གཤེན་སུམ་བརྒྱ་དྲུག་ཅུ་ནང་འཁོར་སེམས་དཔའ་ལྔ་སྟོང་ལྔ་བརྒྱ་ཕྱི་འཁོར་བྱེ་བ་དྲུག་ཁྲི་བཅས་པ་ལ། སྟོན་པ་ཁྲི་གཙུག་རྒྱལ་བས་སློབ་དཔོན་མཛད་པ་དང་། གཡུང་དྲུང་གཙུག་གཤེན་རྒྱལ་བས་རྣམ་བཞི་ཁྲིམས་ཀྱི་མཁན་པོ་མཛད། འ་ཞ་གསང་བ་མདོ་སྡུད་ཀྱིས་དཔང་པོ་མཛད་ནས། ཕོ་གྲལ་གཡས་དང་། མོ་གྲལ་གཡོན་དུ་ཕྱེས་ནས་རང་རང་གི་ཐོབ་ཐང་གི་ཁྲིམས་རྣམས་སོ་སོར་ཕོག་པར་མཛད་དོ། །དེ་དུས་ཚུལ་མིང་ཡང་དྲང་སྲོང་གི་སྡེ་སོ་སོ་ལ་ཚུལ་མིང་རེ་བཏགས་པས། གཏོ་བུ་འབུམ་སངས་ལ། དྲང་སྲོང་རྒྱལ་བ་ཞེས་བྱ་བར་བཏགས་སོ། ། |