32065
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། བྱང་སེམས་ཀྱི་སྦྱོར་ལམ་དྲོད་ཐོབ་པའི་སྐབས་ཀྱི་ཁྱད་ཆོས་ཀྱི་རྣམ་པ་ཞིག་སྟེ་འདིའི་དོན་རྟགས་ཀྱི་རྩེ་སྦྱོར་ཞེས་པའི་སྐབས་སུ་རྒྱས་པས་དེར་གཟིགས། དྲོད་རྩེ་སྦྱོར་གྱི་རྟགས་དེ་ལ་བཅུ་གཉིས་ཡོད་ཅིང། རྟགས་བཅུ་གཉིས་པོ་དེ་དག་ལ་སད་པའི་རྟགས་དང་རྨི་ལམ་གྱི་རྟགས་སོགས་བཞེད་ཚུལ་མི་འདྲ་བ་རྣམས་ཅུང་ཟད་འགོད་ན། རྗེ་རིན་པོ་ཆེའི་ལེགས་བཤད་གསེར་ཕྲེང་ལས། དང་པོ་དྲུག་རྨི་ལམ་དང་། དེ་ནས་གཉིས་སད་རྨི་གཉིས་ཀ་དང་། ཐ་མ་བཞི་སད་པའི་གནས་སྐབས་ཀྱི་རྟགས་སུ་བཞེད། ཀུན་མཁྱེན་འཇམ་དབྱངས་བཞད་པས་གསེར་ཕྲེང་ལྟར་བཞེད། རྒྱལ་ཚབ་རྗེའི་རྣམ་བཤད་སྙིང་རྒྱན་ལས། དང་པོ་ལྔ་རྨི་ལམ་དང་། དེ་ནས་གཉིས་སད་རྨི་གཉིས་ཀ་དང་། ཐ་མ་ལྔ་སད་པའི་རྟགས་སུ་འཇོག་པ་ཡིན། མཁས་གྲུབ་རྗེའི་རྣམ་བཤད་རྟོགས་དཀའི་སྣང་བ་ལས། རྟགས་གང་ཞེ་ན། རྣམ་པ་བཅུ་གཉིས་ནིའོ། །བཅུ་གཉིས་པོ་གང་ཞེ་ན། ངོ་བོའི་སྒོ་ནས་འབྲས་བུའི་རྟགས་བརྒྱད། རང་བཞིན་གྱི་རྟགས་བཞིའམ། དུས་ཀྱི་སྒོ་ནས་རྨི་ལམ་རྟགས་དྲུག་དང་། སད་པའི་རྟགས་དྲུག་གོ ། ཞེས་གསུངས། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། རྟགས་བཅུ་གཉིས་ཀྱི་དང་པོ་བརྒྱད་འབྲས་རྟགས་དང་། ཕྱི་མ་བཞི་རང་བཞིན་གྱི་རྟགས་སུ་ལོ་ཙྪ་བ་ཆེན་པོས་བཞེད། ཡང་ཁ་ཅིག དང་པོ་དྲུག་རྨི་ལམ་དང། བདུན་པ་དང་བརྒྱད་པ་སད་རྨི་གཉིས་ཀ་དང། ཐ་མ་བཞི་སད་པའི་རྟགས་སུ་བཞེད་པ་སོགས་ཡོད་ཀྱང། རང་ལུགས་རྟགས་བཅུ་གཉིས་པོ་རེ་རེ་ལ་ཡང་སད་པ་དང་རྨི་ལམ་གྱི་རྟགས་གཉིས་གཉིས་འཇོག་པ་ཡིན་ཏེ། འགྲེལ་པར། ཤིན་ཏུ་གོམས་པའི་ཕྱིར་རྨི་ལམ་གྱི་གནས་སྐབས་ན་ཡང། ཞེས་གསུངས་པ་ལྟར་རོ། །ཞེས་གསུངས། |
| Domain | ཆོས་ལུགས། |