35064

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
པད་སྙིང་མཁན་རབས་དྲུག་པ་ཨ་ཁྱུང་ (1)
Part of speech མིང་ཚིག
Definition མདོ་སྟོད་གླིང་ཚང་གི་ཡུལ་ཡ་དིང་ཞེས་པའི་འབྲོག་སྡེར། ཡབ་རག་ནང་སམ་བྷ་དང་ཡུམ་ཇི་སྐྱིད་ཨ་སྐྱའི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ས་སྦྲུལ་ ༡༩༢༩ ལོར་འཁྲུངས། ( མེ་སྟག་ཟེར་ཡང་འདི་ཁུངས་དག ) ཆུང་དུས་ནས་པད་སྙིང་དགོན་དུ་ཆོས་སྒོར་ཞུགས། དེར་བཤད་གྲྭ་ལ་བཞུགས་ཏེ། རིག་གནས་སྦྱངས། མཁན་འཇམ་དཔལ་བཟང་པོ་དང༌། པད་སྤྲུལ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ་ལས་རང་ལུགས་ཆོས་སྐོར་མ་ལུས་གསན། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། མཁན་པོ་གང་ཤར། མཁན་པོ་བློ་གྲོས་རབ་གསལ་སོགས་བསྟེན་ཅིང༌མཁས་པར་གྱུར། ཞེ་ཆེན་ཀོང་སྤྲུལ་དྲུང་དུ་རབ་བྱུང་བསྙེན་རྫོགས་བསྒྲུབས། དཔལ་ཡུལ་དར་ཐང་དགོན་ནས་དགེ་བཤེས་འགའ་ཞིག་ཞེ་ཆེན་དགོན་དུ་གྲྭ་སྐོར་དུ་ཕེབས་པར། མཁན་པོ་འདི་ཉིད་ཀྱིས་རྒོལ་བ་དེ་དག་ལུང་རིགས་ཀྱིས་ཚར་བཅད། ཆོས་གྲྭ་ལ་བསྔགས་བརྗོད་དང༌། ཞེ་ཆེན་རབ་འབྱམས་སོགས་མཁན་སྤྲུལ་རྣམ་པས་རྣམ་དཔྱོད་ལ་བསྟོད་བསྔགས་མཛད། ཞེ་ཆེན་པདྨ་དྲི་མེད་བློ་གྲོས་ཀྱིས་ཀུན་དགའ་བོའི་རྣམ་འཕྲུལ་ཡིན་པར་གསུངས། བོད་པ་སྤྲུལ་སྐུས་ཚད་མ་རྣམ་འགྲེལ་གསུང་སྐབས་སུ་རྗེ་འདིས་ཡར་དྲི་བ་ཕུལ་བ་ལ་ལན་འདེབས་དཀའ་བ་བྱུང་བ་སོགས་མཁྱེན་རབ་ཟླ་དང་བྲལ་བ་ཞིག་ཡིན། རྫོང་སར། རྫ་སྟོད་ལྕང་མ་སྒར། སེར་ཤུལ་དགོན་སོགས་སུ་གཞན་སྟོང་གི་གྲུབ་མཐའ་གཙོ་བོར་བཟུང་ནས་གྲྭ་སྐོར་མཛད་པས། སྤོབས་པ་མྱུར་བའི་ཚད་དུ་གྲགས། སེར་ཤུལ་དགོན་དུ་ལོ་གསུམ་ཙམ་བཞུགས་ནས་ཀུན་གྱིས་མཁས་པར་བཀུར་བ་བྱུང༌། རང་དགོན་དུ་གདན་དྲངས་ཤིང༌། ལོ་གསུམ་ཙམ་དབྱར་གནས་མཁན་པོ་མཛད། མཁན་རབས་དྲུག་པའི་མཚན་གསོལ། ཁམས་སྒར་དུ་མདོ་ཁམས་བརྒྱད་པ་མཇལ་སྐབས་ཨོ་རྒྱན་ཆེན་པོ་དངོས་སུ་གཟིགས། གཞན་སྟོང་གྲུབ་མཐར་མཁས་པའི་སྙན་གྲགས་ཆེན་པོ་ཡོད་པར་བརྟེན། ཕྱིས་ཀརྨ་པ་བཅུ་དྲུག་པས་དབུས་སུ་གདན་ཞུས་ལྟར་བྱོན། མཚུར་ཕུར་རེ་ཞིག་བཞུགས་རྗེས། སླར་ཡང་འཛི་སྒར་ཐུགས་སྲས་རིན་པོ་ཆེས་བྱར་གསང་གླིང་དུ་སྤྱན་དྲངས་ནས། དེར་མཁན་ཁྲིར་མངའ་གསོལ། ས་ཁྱི་ཟླ་བ་དང་པོའི་ནང་བཤད་གྲྭ་གསར་དུ་ཚུགས་ཏེ། ལོ་ངོ་གཉིས་ཙམ་རིང་ཐར་རྒྱན། སྤྱོད་འཇུག སྡོམ་གསུམ་རྣམ་ངེས། མི་ཕམ་མཁས་འཇུག་བཅས་ཁྲིད་བཞིན་པར་དགུང་ལོ་སུམ་ཅུ་པ་ས་ཕག་ ༡༩༥༩ ལོའི་དཔྱིད་ཀར། རྒྱ་དམར་གྱི་འུར་ཟིང་དང་ཁེལ་ནས། མཁས་འཇུག་ཕྱེད་ཙམ་ལུང་དུ་བསྩལ་ཏེ། ཀུན་སྐྱོ་ཤས་ངང་བཤད་གྲྭ་མཚམས་འཇོག་མཐར། མ་ཡུམ་དང་ལྷན་དུ་བྲོས་བྱོལ་དུ་ཕེབས། ས་མཚམས་ནས་རྒྱ་མིས་ཟིན་ནས་བཙོན་འཇུག་བྱས་རྗེས། གོ་ཐོས་མེད་པར་གྱུར་ཀྱང་བཙོན་ཁང་དུ་སྐུ་གཤེགས་པར་སྣང་ངོ༌། །གསུང་རྩོམ། མདོ་སྔགས་ཀྱི་སྤྱི་དོན། རང་སྟོང་གཞན་སྟོང་གི་ཁྱད་པར། ཀུན་མཁྱེན་རང་ལུགས་ཀྱི་ཡིག་ཆ་སོགས་འགའ་ཞིག་ཡོད་པར་གྲགས་ཀྱང་དུས་འགྱུར་སྐབས་འཐོར་བརླག་སོང་ཞིང༌། བཀའ་ཆོས་གསན་མཁན་ཡང་རྒྱལ་དབང་ཀར་འབྲུག་རྣམ་གཉིས་ཀྱིས་དབུས་ཐུགས་སྲས་རིན་པོ་ཆེ་དང༌། སྐབས་དེར་བཤད་གྲྭར་བཞུགས་པའི་མཁན་པོ་ཡེ་ཤེས་ཆོས་དར། སྐྱོར་དཔོན་བློ་གྲོས། དབུ་མཛད་བསོད་ནམས་རྒྱ་མཚོ། རྒན་དཀོན་མཆོག་སོགས་མང་ངོ༌། །

{{#arraymap:པད་སྙིང་མཁན་རབས་དྲུག་པ་ཨ་ཁྱུང་

|; |@@@ | | }}