36962
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་མཆོད་བརྗོད་ཀྱི་སྐབས་ནས་བསྟན་པའི་མཁྱེན་གསུམ་ངོ་བོ་ཐ་དད་དང་ངོ་བོ་གཅིག་གང་ཡིན་དང་དེ་དག་ལ་འཕགས་ལམ་དགོས་སམ་ཅི། ཀུན་མཁྱེན་དོལ་པོ་བའི་ཕར་ཕྱིན་མདོ་ལུགས་མ་ལས། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་ཀྱིས་ཀྱང་མཁྱེན་གསུམ་ངོ་བོ་ཐ་དད་པ་སོ་སོའི་རྒྱུད་ལ་ཡོད་པ་ལམ་བདེན་གྱིས་བསྡུས་པའི་ཡེ་ཤེས་དང་། ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་ཞེས་པས་མཁྱེན་གསུམ་ངོ་བོ་གཅིག་པ་གཞི་འབྲས་དབྱེར་མེད་པའི་ཡེ་ཤེས་དེ་གཉིས་ཀ་བསྟན་ཏོ། །ཞེས་དང་། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་ཀྱི་ཚིགས་སུ་བཅད་པ་གཅིག་པུ་འདིས་ནི་ངོ་བོ་ཐ་དད་པའི་མཁྱེན་གསུམ་སོ་སོ་དང་། ངོ་བོ་གཅིག་པའི་ཡུམ་གཞི་ཤེར་ཕྱིན་ཉིད་ཀྱི་བྱེད་ལས་རྣམས་གཙོ་བོར་སྟོན་པ་སྟེ། ཞེས་དང། འགྲོ་ལ་ཕན་པར་བྱེད་ཅེས་པ་ནི། བྱང་ཆུབ་སེམས་དཔའོ། །ཞེས་དང། ལམ་ཤེས་ཉིད་ཅེས་པ་ནི། བྱང་ཆུབ་སེམས་དཔའ་དང་པོའི་སེམས་བསྐྱེད་ཅིང་མོས་པས་སྤྱོད་པའི་ས་ནས་བཟུང་སྟེ། ཞེས་དང། གང་དང་ཡང་དག་ལྡན་ཞེས་པ་ནི། རྣམ་མཁྱེན་དང་ལྡན་པ་སྟེ། ཞེས་དང། ཉེར་ཞིར་ཁྲིད་པར་མཛད་པའི་ཀུན་ཤེས་ཉིད་གང་ཡིན་དང་ཞེས་པ་ནས་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་མཁྱེན་པ་གསུམ་ངོ་བོ་གཅིག་པ་ནམ་མཁའ་ལྟར་ཀུན་ལ་ཁྱབ་པའི་གཉིས་མེད་ཡེ་ཤེས་ཡིན་ནོ། །ལམ་བདེན་གྱིས་བསྡུས་ཤིང་གང་ཟག་སོ་སོའི་རྒྱུད་ལ་ཡོད་པ་གཞན་བྱུང་ཡེ་ཤེས་ནི་དུས་གསུམ་གྱི་འཕགས་པ་རྣམས་ཀྱི་བསྐྱེད་བྱེད་ཀྱི་ཡུམ་མ་ཡིན་ཏེ། གང་ཟག་གཅིག་གི་རྒྱུད་ལ་ཡོད་པའི་འདུས་བྱས་ཀྱི་དངོས་པོ་གཅིག་ཉིད་དུས་གསུམ་གྱི་གང་ཟག་གཞན་དང་གཞན་གྱི་རྒྱུད་ལ་འཕོ་བ་མི་སྲིད་པའི་ཕྱིར། ཞེས་དང། བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཞེས་པས་ཀྱང་འཕགས་པ་ཐམས་ཅད་ཀྱི་ཡུམ་གཅིག་ཉིད་དུ་བསྟན་ཏོ། །ཞེས་བྱུང་། ། |
| Domain | ཆོས་ལུགས། |