37063
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕུ་མགོ་དགོན་པ་ནི། བོད་ཤར་ཕྱོགས་མདོ་ཁམས་ཏྲེ་ཤོད་དཀར་མཛེས་གྲོང་ཁྱེར་གྱི་ཤར་ལྷོའི་མཚམས། ཉིན་སྲིབ་གཉིས་ཀྱི་སྟག་གླང་རིའམ་སྟག་རོང་རི་ཞེས་པའི་ཐོག་ཏུ་དགོན་པ་འདི་ཉིད་ཆགས། དགོན་པ་ཆགས་སའི་སྟག་རོང་རི་ནི་གནས་རི་ཁྱད་པ་ཅན་ཞིག་ཡིན་པས། འདི་ལ་སྔོན་གྱི་དུས་སུ་གནས་སྒོ་ཡང་ཕྱེ་རྒྱུ་ཡོད་པས་དད་ལྡན་མང་པོས་གནས་སྐོར་བྱེད་པའི་ལུགས་སྲོལ་ཡོད། རི་དེ་ལ་གཞི་བདག་ཨ་མྱེ་སྟག་རོང་གི་གཞུགས་ཁང་ཡོད་པས་དེང་སང་སྟག་རོང་རི་ཞེས་འབོད། རི་བོ་དེའི་མགོའམ་ཕུ་ལ་དགོན་པ་འདི་ཕྱག་བཏབ་པས་ཕུ་མགོ་དགོན་ཞེས་གྲགས། ཕྱག་འདེབས་མཁན་ནི་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ཡིན་པར་གྲགས་ལ། ཕྱི་ལོ་ ༡༧༤༠ ཙམ་ལ་མཁན་ཆེན་གྱིས་གདུལ་བྱ་མདོ་ཁམས་སྨད་ཕྱོགས་ལ་དགོན་པ་དུ་མ་ཕྱག་བཏབ་དུས། དགོན་པ་འདི་ཉིད་ཀྱང་དེ་དུས་སུ་ཡིན་པ་ངེས། ཐོག་མར་གཙུག་ལག་ཁང་སོགས་ཆེན་པོ་མེད་ནའང་ཕྱིས་སུ་བླ་སྤྲུལ་མཁན་པོ་དང་། གྲྭ་པ་བརྒྱ་ཕྲག་མ་ཟིན་ཙམ་གྱིས་རྒྱ་བསྐྱེད་ཀྱིས་གཙུག་ལག་ཁང་ཐོག་བརྩེགས་བཞི་ཅན་དང་། འདུ་ཁང་དབུས་སུ་རྟེན་གྱི་གཙོ་བོ་རྒྱལ་བ་བྱམས་པའི་སྐུ་བརྙན་ཐོག་བརྩེགས་གཉིས་ལྷག་ཙམ་དང་། དེའི་གཡས་སུ་རྒྱལ་བ་མར་མཛད་ཐོག་བརྩེགས་གཉིས་ཅན། གཡོན་དུ་འོད་དཔག་མེད་སྐུ་བརྙན་ཐོག་བརྩེགས་གཉིས་ཅན། ས་པཎ་གྱི་སྐུ་ཐོག་བརྩེགས་ཅན་གཙོས་པའི་གོང་མ་རྣམ་ལྔ་སོགས་བྱིན་ཅན་དུ་མ་དང་། གསུང་ལ་སྣར་ཐང་རྒྱལ་བའི་བཀའ་འགྱུར་སོགས་གསུང་རྙིང་དུ་མ། བཤམས་ཐང་རྙིང་པ་བརྒྱ་ཕྲག་བརྒལ་བ་དང་། མགོན་ཁང་དུ་དཔལ་ཀྱེ་རྡོ་རྗེ་ལྷ་དགུ་སོགས་ཡིད་དམ་གྱི་སྐུ་བརྙན། གུར་ཞལ་ལྕམ་སྲིང་གཙོས་མགོན་པོ་ལྷ་བརྒྱད་དང་། སྒེར་གྱི་སྲུང་མ་པེ་ཧར་རྒྱལ་པོ། གནས་བདག་ལྷ་མོ་སོགས་ཀྱི་སྐུ་བརྙན། གཟིམས་ཆུང་དང་། ཕུ་མགོ་བླ་བྲང་དང་། གྲྭ་ཤག་སོགས་ཡོད་ལ། གྲྭ་ས་ངོར་ཨེ་ཝྃ་དུ་ཕེབས་ཏེ་སྡོམ་པ་གསུམ་ལྡན་དང་མདོ་སྔགས་གཞུང་སོགས་སྦྱངས་ཤིང་། ཀྱེ་རྡོར་སོགས་ཀྱི་བསྙེན་པ་པར་ཞུགས་དགོས། སྒྲུབ་མཆོད་ཀྱི་སྐོར་ལ་ཀྱེ་རྡོར། མཁའ་སྤྱོད། ཀུན་རིག་སོགས་ཀྱི་སྒྲུབ་མཆོད་འདོན་སྲོལ་ཡོད། དེ་ནས་ལྷ་འཆམས་སོགས་ནང་པའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་མི་ཉམས་པར་བརྒྱུད་འཛིན་དང་བཅས་སྔོན་ཆད་དར་རྒྱས་ཆེན་པོ་བྱུང་ན་ཡང་། ཀླ་ཀློའི་དམག་དཔུང་གིས་བཙན་འཛུལ་དང་དུས་འགྱུར་གྱི་ཁྲོད་དུ་ཕུ་མགོ་དགོན་ཡང་གྱང་རོ་ཙམ་ལས་མཐོང་རྒྱུ་མེད་པར་གྱུར། ཕྱིས་སུ་སྔོན་གྱི་གྲྭ་པ་རྙིང་པའི་ཁྲོད་ནས་དགེ་རྒན་རྡོ་རྗེ་བློ་གྲོས་དང་ཡུལ་མི་འགའ་ཞིག་གིས་རང་སྲོག་ལ་མ་བལྟོས་པར་རྟེན་རྙིང་སྐུ་གསུང་ཐུགས་རྟེན་དང། མཆོད་རྫས་རྙིང་པ་སོགས་མི་ཉུང་བ་ཞིག་ཉར་ཚགས་ཐུབ་པ་དང་། རང་དགོན་བསྐྱར་གསོ་མཛད་ནས་ཕྱི་ཡི་གཙུག་ལག་ཁང་། ནང་གི་སྐུ་གསུང་ཐུགས་རྟེན་ཉམས་གསོ་མཛད། |