39368
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ནི། ནང་རྒྱུད་མ་ཧཱ་ཡོ་གའི་སྒྲུབ་སྡེའི་ཕྱོགས་ཀྱི་ཆོས་སྐོར་སྟེ། སྔོན་འོག་མིན་དུ་ཀུན་བཟང་ཧེ་རུ་ཀས་དག་པའི་འཁོར་ལ་རྡོ་རྗེའི་ཚིག་ཏུ་གསུངས་པ་རྡོ་རྗེ་ཆོས་སོགས་ཀྱིས་བསྡུས་ཤིང་རྫུ་འཕྲུལ་གྱིས་ཡི་གེར་སྣང་བ་རིན་ཆེན་སྒྲོམ་དུ་བཅུག་ནས་མཆོད་རྟེན་བདེ་བྱེད་བརྩེགས་པར་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེར་གཉེར་དུ་གཏད། གང་གི་ཚེ་གྲུབ་པའི་རིག་འཛིན་བརྒྱད་ལ་སྒྲུབ་པ་ཆེན་པོ་སྡེ་བརྒྱད་དང་། སློབ་དཔོན་པདྨར་བཀའ་བརྒྱད་བདེ་གཤེགས་འདུས་པའི་བཀའ་བབས་པ་ལས། བདེ་གཤེགས་འདུས་པའི་རྒྱུད་རྩ་རྒྱུད་ལྔ། སྒོས་རྒྱུད་བཅུ། ཡན་ལག་གི་རྒྱུད་བརྒྱད་པོ་དག་བྱུང་ཞིང། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཕྱིས་བལ་ཡུལ་ཡང་ལེ་ཤོད་དུ་བསྒྲུབས་ཏེ་བོད་ཡུལ་དུ་རྗེ་འབངས་སྙིང་གི་བུ་དགུར་བཀའ་བརྒྱད་ཁྲོ་དཀྱིལ་དུ་དབང་བསྐུར་ཅིང་རྒྱུད་འཆད་སྐབས། བདེ་གཤེགས་འདུས་པའི་ཆོས་སྐོར་རྣམས་མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་བཀའ་བབས། དེ་དག་གི་བཤད་འགྲེལ་མན་ངག་དང་བཅས་པ་ཆོས་ཚན་བརྒྱ་དང་སུམ་ཅུ་ཙམ་བྱུང་བ་རྒྱུད་ལུང་མན་ངག་གི་སྐོར་གསུམ་དུ་ཕྱེས་ནས་བཻ་རོ་ཙ་ན་དང་ལྡན་མང་རྩེ་མང་གཉིས་ཀྱིས་བསྒྱུར་ཅིང་ཡི་གེར་བཀོད། རྒྱལ་པོ་གཡེང་བ་ཆེ་སྟབས་བསྒྲུབ་པ་འཕྲོ་ལུས་པས་མ་འོངས་ཆོས་འདི་དང་འཕྲད་པའི་ལུང་བསྟན་བཅས་སློབ་དཔོན་པདྨས་ཐོག་མར་རྒྱལ་པོའི་བླ་བྲག་མགྲིན་བཟང་ལ་སྦས། དེ་ནས་ཆོས་ཁྲིམས་འཇིགས་ལ་ཉེ་བ་ན་རྒྱལ་པོའི་དབོན་སྲས་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ལྷོ་ཕྱོགས་མཐའ་འདུལ་མཁོ་མཐིང་གཙུག་ལག་ཁང་གི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུ་ལུས་ལ་གཏེར་སྒོ་སྤོས། ཕྱིས་ཆོས་རྒྱལ་ཉིད་ཀྱི་སྐྱེས་ཕྲེང་བཅུ་དྲུག་པ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱིས་རྣམ་སྣང་སྐུ་རྒྱབ་ནས་ལུང་བསྟན་ལྟར་གཏེར་སྒྲོམ་སྨུག་པོ་དང་སྐྱ་བོ་གཉིས་བཏོན་གནང་བའི་སྒྲོམ་སྨུག་པོ་ནང་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུད་ལུང་མ་བུ་དང་བཅས་པ་ཆོས་རྒྱལ་གྱི་ཕྱག་དཔེ་བཻ་རོ་ཙ་ན་དང་ལྡན་མ་རྩེ་མང་གི་ཕྱག་བྲིས་མ་པོད་ཆུང་དྲུག་དང་བདེ་འདུས་སྒྲུབ་ཐབས་ཤོག་དྲིལ་ཁོལ་བུ་ཕྱུང་བ་དུ་མ་མཆིས་པ་ལ་རྒྱུད་དོན་ཕུན་སུམ་ཚོགས་པ་དེང་ཤིན་ཏུ་གྲགས་ཆེ་བའི་ཆོས་ཚན་བརྒྱ་དང་སུམ་ཅུ་ཙམ་བཞུགས་པ་འདི་སྤྱན་དྲངས། བདག་ཉིད་ཆེན་པོ་དེ་ལས་བཀའ་གཏེར་གྱི་ཆུ་བོ་གཅིག་འདྲེས་སུ་བརྒྱུད་པའི་སྨིན་གྲོལ་གྱི་རྒྱུན་བཟང་ད་ལྟའང་བཞུགས། འདིའི་སྐོར་གྱི་ལོ་རྒྱུས་ཧ་ཅང་རིང་བས། རྒྱས་པར་སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ་བབས་དང་། གསང་སྔགས་ལུང་གི་བང་མཛོད་སོགས་ཉང་གཏེར་བཀའ་བརྒྱད་ཀྱི་ཆོས་སྐོར་དང་། འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པའི་བཀའ་བརྒྱད་རྣམ་བཤད་སོགས་སུ་གསལ། མདོར་ཙམ་བདེ་གཤེགས་འདུས་པའི་ཆོས་ཚན་བརྒྱ་དང་སོ་ལྔ་དང་། རྒྱུད་ལུང་མན་ངག་གི་ཆོས་སྡེ་བརྒྱ་དང་སུམ་ཅུའི་སྐབས་སུའང་གཟིགས། |
{{#arraymap:བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་
|; |@@@ | | }}