39391
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བརྗོད་བྱ་ངེས་དོན་མཐར་ཐུག་གི་དབུ་མའི་ལྟ་གྲུབ་སྐོར་དང་། བོད་ཀྱི་དབུ་མ་སྔ་རབས་པ་བུ་དོལ་ས་སྐྱ་གསུམ་གྱི་ལྟ་གྲུབ་ལ་རྩོད་སྤངས་བྱས་པའི་དགག་སྒྲུབ་ཀྱི་བསྟན་བཅོས་ཤིག་སྟེ། མཛད་པ་པོ་ནི་ས་བཟང་མ་ཏི་པཎ་ཆེན་གྱི་དངོས་སློབ་བཙུན་པ་འཇམ་དཔལ་གྲགས་པ་ཡིན་ལ། བརྩམས་པའི་དགོས་པ་ནི། གཞུང་དེའི་དབུར། དེང་སང་གངས་ཅན་གྱི་ཁྲོད་འདི་ནི་ས་སྐྱ་བ་དང་བུ་དོལ་གཉིས་ཀྱི་གྲུབ་མཐའི་ཁ་འཛིན་ཕྱོགས་ཀྱི་བུ་སློབ་རྣམས་ཀྱིས་བྱས་ནས། གཅིག་གིས་གཅིག་གི་ལོག་རྟོག་འགོག་པར་རློམ་ཡང་། ཐམས་ཅད་མཁྱེན་པའི་གསུངས་ལ་དགག་པ་བྱེད་ཅིང་རྒྱལ་པོ་ངན་པའི་ཆོས་ལུགས་དང་འདྲ་བར་མི་རིགས་པས་རིགས་པ་འགོག་ལ། སྒྲོ་འདོགས་སྐུར་འདེབས་ཀྱི་མཐའ་གཉིས་སུ་ལྷུང་སྟེ། མཚམས་མེད་ལྔའི་སྡིག་ལས་ལྕི་བའི་ཆོས་སྤོང་གི་ལས་ཆེན་པོ་གསོག་པར་མཐོང་བ་དང་། མི་རིགས་པ་མང་དུ་འཕེལ་ན་ཞིང་གི་ཡུར་བ་ལྟར་བསྟན་པ་ལ་གནོད་པ་བློས་མ་བཟོད་པར་དེ་རྣམས་བཟློག་པའི་ཕྱིར་དུ་གྲུབ་མཐའི་རྣམ་དབྱེ་འདི་བྱས་སོ། །ཞེས་བྱུང་། ཇི་ལྟར་མཛད་པའི་ཚུལ་ཡང་གཞུང་དེར། དེ་ཡང་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པར་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པའི་གསུང་རབ་རྣམས་དཔང་དུ་བཞག་ནས། ལུང་རིགས་རྣམ་དག་གིས་གཏན་ལ་འབེབས་པར་བྱེད་དོ། །ཞེས་དང་། སྟོད་སྨད་འབྲེལ་ཆགས་པར་བྱ་བའི་ཕྱིར་བསྒྲུབ་བྱ་ཁོང་ན་གནས་པ་རྣམས་དངོས་སུ་ཐོན་པར་བཀོད། རང་བཟོའི་དུག་ཆུས་མ་འདྲེས་པར་བྱ་བའི་ཕྱིར་ལུང་རིགས་རྣམ་དག་གི་སྒྲུབ་བྱེད་སོ་སོར་བཀོད། ཐམས་ཅད་ཀྱིས་རྟོགས་པར་བྱ་བའི་ཕྱིར་ཤིན་ཏུ་གསལ་བའི་སྒོ་ནས་བཤད་པར་བྱའོ། །ཞེས་བྱུང་། གཞུང་དངོས་ལ་སྐབས་གསུམ་སྟེ། འབྲས་བུ་སྐུ་གཉིས་ཟུང་འཇུག ལམ་ཚོགས་གཉིས་ཟུང་འཇུག གཞི་བདེན་གཉིས་ཟུང་འཇུག་གཏན་ལ་ཕབ་པའི་སྐབས་བཅས་གསུམ་མོ། །མཛད་པའི་དུས་ནི་གསལ་ཁ་མི་འདུག་མོད། ཁོང་བྱོན་པའི་དུས་ནི་ས་བཟང་དང་དུས་མཉམ་ཡིན་ནོ། ། |
{{#arraymap:བཀའ་བསྡུས་ལྔ་བ་མཐའ་བྲལ་དབུ་མ་ཆེན་པོའི་གྲུབ་མཐའ་རབ་གསལ་
|; |@@@ | | }}