40816

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:03, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདུད་བཞི་བཅོམ་པའི་ས་མཚམས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། བདུད་བཞི་རེ་རེ་ནས་ལམ་གྱི་གནས་སྐབས་གང་དུ་བཅོམ་པའི་མ་མཐའི་ས་མཚམས་ལ་བདུད་བཞི་བཅོམ་པའི་ས་མཚམས་ཞེས་བརྗོད། དེ་ཡང། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། བདུད་བཞི་བཅོམ་པའི་ས་མཚམས་ལ་གཉིས་ཏེ། ཉན་ཐོས་སྡེ་པའི་ལུགས་དང། ཐེག་ཆེན་པའི་ལུགས་སོ། །དང་པོ་ཡོད་དེ། བདག་ཅག་གི་སྟོན་པས་སྲོད་ལ་ལྷའི་བུའི་བདུད་དང། ཐོ་རངས་ཉོན་མོངས་པའི་བདུད་དང། ཡངས་པ་ཅན་དུ་སྐུ་ཚེ་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པས་ན། འཆི་བདག་གི་བདུད་དང། གྱད་གྲོང་དུ་ལྷག་མེད་མྱང་འདས་མངོན་དུ་བྱས་པ་ན་ཕུང་པོའི་བདུད་བཏུལ་བར་འདོད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཐེག་དམན་གྱི་དབང་དུ་བྱས་པ་དང། ཐེག་ཆེན་གྱི་དབང་དུ་བྱས་པའོ། །དང་པོ་ནི། ཐེག་དམན་གྱི་མཐོང་ལམ་ཐོབ་ནས་ལྷའི་བུའི་བདུད་རགས་པ་བཅོམ་སྟེ། དཀོན་མཆོག་གསུམ་ལ་ཤེས་ནས་དད་པ་ཐོབ་པའི་ཕྱིར། དམན་པའི་ལྷག་བཅས་མྱང་འདས་ཐོབ་ནས་ཉོན་མོངས་པའི་བདུད་རགས་པ་བཅོམ་སྟེ། ཉོན་སྒྲིབ་མ་ལུས་པར་སྤངས་པའི་ཕྱིར། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་ཐོབ་ནས་འཆི་བདག་གི་བདུད་རགས་པ་བཅོམ་སྟེ། ཚེའི་འདུ་བྱེད་བྱིན་གྱིས་བརླབས་པ་ལ་དབང་བའི་ཕྱིར། དམན་པའི་ལྷག་མེད་མྱང་འདས་ཐོབ་ནས་ཕུང་པོའི་བདུད་རགས་པ་བཅོམ་སྟེ། ལས་ཉོན་གྱི་དབང་གིས་བྱུང་བའི་ཟག་བཅས་ཀྱི་ཕུང་པོ་བཅོམ་པའི་ཕྱིར། གཉིས་པ་ནི། ཕྱིར་མི་ལྡོག་པའི་རྟགས་ཐོབ་ནས་ལྷའི་བུའི་བདུད་རགས་པ་བཅོམ་སྟེ། དཀོན་མཆོག་གསུམ་ལ་ཤེས་ནས་དད་པ་ཐོབ་པའི་ཕྱིར། ས་བརྒྱད་པ་ཐོབ་ནས་བདུད་གཞན་གསུམ་རགས་པ་བཅོམ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བསྒྱུར་ཐོབ་པའི་ཕྱིར། གཉིས་པ་བདུད་བཞི་ཕྲ་མོའི་རྣམ་པར་བཞག་པ་འཐད་པ་ཡིན་ཏེ། འཆི་མེད་ཀྱི་གོ་འཕང་དེ་ལ་ཐེག་པ་ཐུན་མོང་བའི་དབང་དུ་བྱས་པའི་འཆི་མེད་ཀྱི་གོ་འཕང་གཅིག་དང། ཐེག་ཆེན་ཐུན་མོང་མ་ཡིན་པའི་དབང་དུ་བྱས་པའི་འཆི་མེད་ཀྱི་གོ་འཕང་གཅིག་དང་གཉིས་ཡོད་པའི་ཕྱིར། དང་པོ་ལ་བར་དུ་གཅོད་པའི་དབང་དུ་བྱས་ནས་བདུད་བཞི་རགས་པ་དང། ཕྱི་མ་ལ་བར་དུ་གཅོད་པའི་དབང་དུ་བྱས་ནས་བདུད་བཞི་ཕྲ་མོ་བཞག་པའི་ཕྱིར། རྣམ་བཤད་དུ། ལྷའི་བུའི་བདུད་ལ་ཕྲ་རགས་གཉིས་སུ་མ་ཕྱེ་ཡང། བདུད་གཞན་གསུམ་ལ་ཕྲ་རགས་གཉིས་སུ་ཕྱེ་བ་ངེས་པར་འདོད་དགོས་སོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བདུད་བཞི་བཅོམ་པའི་ས་མཚམས་

|; |@@@ | | }}

བདུད་བཞི་བཅོམ་པའི་ས་མཚམས་ (2)
Part of speech མིང་ཚིག
Definition ཕར་ཕྱིན། ཉན་རང་གི་རིགས་ཅན་རྣམས་མཐོང་ལམ་ནས་ལྷའི་བུའི་བདུད་ལས་འདའ་སྟེ། དཀོན་མཆོག་མངོན་པར་རྟོགས་པ་ཐོབ་པས་ཡིད་ཆེས་བརྟན་པོ་ཐོབ་པའི་ཕྱིར། ལྷག་བཅས་ཐོབ་ནས་ཉོན་མོངས་པའི་བདུད་ལས་འདའ་སྟེ། འཆིང་བྱེད་ཀྱི་ཉོན་མོངས་མ་ལུས་པ་སྤངས་པའི་ཕྱིར། བསམ་གཏན་རབ་མཐའ་ཐོབ་ནས་འཆི་བདག་གི་བདུད་ལས་འདའ་སྟེ། ཚེ་འདོར་ལེན་ལ་དབང་ཐོབ་པའི་ཕྱིར། ལྷག་མེད་ནས་ཕུང་པོའི་བདུད་ལས་འདའ་སྟེ། ཉེར་ལེན་གྱི་ཕུང་པོ་བོར་ཞིང་ལེན་པ་མེད་པའི་ཕྱིར་རོ། །བྱང་སེམས་རྣམས་སྦྱོར་ལམ་ནས་ལྷའི་བུའི་བདུད་ལས་འདའ་སྟེ། ཤེས་ནས་དད་པ་ཐོབ་པས་སོ། །མཐོང་ལམ་ནས་ཉོན་མོངས་པ་དང་འཆི་བདག་གི་བདུད་ལས་འདའ་སྟེ། ལས་ཉོན་གྱི་དབང་གི་སྐྱེ་འཆི་དང་བྲལ་བའི་ཕྱིར་ཏེ། ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་པ་ལྟར་རོ། །ས་བརྒྱད་པ་ནས་ཕུང་པོའི་བདུད་ལས་ཀྱང་འདའ་སྟེ། རྣམ་པར་གྲོལ་བའི་སྐུ་མངོན་དུ་བྱེད་པའི་ནུས་པ་ཐོབ་པའི་ཕྱིར། སངས་རྒྱས་པ་དང་དུས་མཉམ་པར་བཅོམ་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་བག་ཆགས་དང་བཅས་པ་ལ་དགོངས་སོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཉིས་བཅོམ་སྟེ། སྲོད་ལ་ལྷའི་བུའི་བདུད་དང་། ཐོ་རངས་བསམ་གཏན་རབ་མཐའ་ལ་བརྟེན་ཏེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཁམས་གསུམ་གྱི་ཉོན་མོངས་པ་མ་ལུས་པ་བཅོམ་པའི་ཕྱིར། ཡངས་པ་ཅན་དུ་འཆི་བདག་གི་བདུད་བཅོམ་ཏེ་ཟླ་བ་གསུམ་དུ་སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་པའི་ཕྱིར། གྱད་ཡུལ་དུ་ཕུང་པོའི་བདུད་བཅོམ་སྟེ། ལྷག་མེད་ཀྱི་མྱང་འདས་མངོན་དུ་བྱས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཐེག་དམན་གྱི་དབང་དུ་བྱས་ནས་ལྷའི་བུའི་བདུད་མཐོང་ལམ་ནས་བཅོམ་སྟེ། དེར་བདེན་པ་མངོན་སུམ་མཐོང་བས་དཀོན་མཆོག་ལ་ཤེས་ནས་དད་པ་བརྟན་པོ་ཐོབ་པའི་ཕྱིར། ལྷག་བཅས་མྱང་འདས་ཐོབ་པ་ནས་ཉོན་མོངས་པའི་བདུད་བཅོམ་སྟེ། དེ་ནས་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཟད་པར་སྤངས་པའི་ཕྱིར། ལྷག་མེད་མྱང་འདས་ཐོབ་ནས་ཕུང་པོའི་བདུད་བཅོམ་སྟེ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་སྔ་མ་སྤངས་ཤིང་། ཕྱི་མ་མི་ལེན་པའི་ཕྱིར། ཕུང་པོའི་བདུད་མ་ལུས་པར་བཅོམ་པ་ནི་ཐེག་དམན་ལ་མེད་དོ། བསམ་གཏན་བཞི་པའི་རབ་མཐའ་ཐོབ་ནས་འཆིི་བདག་གི་བདུད་བཅོམ་སྟེ། དེ་ནས་ཚེ་འདོར་ལེན་ལ་དབང་ཐོབ་པའི་ཕྱིར། ཐེག་ཆེན་གྱི་དབང་དུ་བྱས་ན་སྦྱོར་ལམ་ནས་ལྷའི་བུའི་བདུད་བཅོམ་སྟེ། ཤེས་ནས་དད་པ་ཐོབ་པའི་ཕྱིར། ས་དང་པོ་ནས་ཉོན་མོངས་པ་དང་འཆི་བདག་གི་བདུད་བཅོམ་སྟེ། ལས་ཉོན་གྱི་སྐྱེ་འཆི་ཟད་པར་སྤངས་པའི་ཕྱིར། ས་བརྒྱད་པ་ནས་ཕུང་པོའི་བདུད་བཅོམ་སྟེ། དེར་རྣམ་གྲོལ་གྱི་ཆོས་སྐུ་མངོན་དུ་བྱེད་པའི་ནུས་པ་ཐོབ་པའི་ཕྱིར། ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། །

{{#arraymap:བདུད་བཞི་བཅོམ་པའི་ས་མཚམས་

|; |@@@ | | }}