42656
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་སློང་གིས་དབྱར་གྱི་རྙེད་པ་བདག་གིར་བྱས་པའམ་སོ་སོར་བགོས་པ་ལས་གྱུར་ལྟུང་བ་ཞིག་ལ་ཟེར། དེ་ཡང་པཎ་ཆེན་འདུལ་བ་ལས། བརྟད་པའི་སྤང་བ་ལ་ཡང་གསུམ་ཡོད་དེ། དབྱར་རྙེད་བདག་གིར་བྱེད་པ་སྔས་པའི་སྤང་བ། དབྱར་རྙེད་བགོ་བ་སྔས་པའི་སྤང་བ། དབྱར་རྙེད་བཞག་ཕྱིས་ཀྱི་སྤང་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། དགེ་སློང་གིས་དབྱར་གྱི་ནང་ལོགས་སུ་དབྱར་རྙེད་ཀྱི་རྒྱུ་སྦྱིན་བདག་ལས་བླངས་པ། སྤྱི་ཚོམས་སུ་བདག་གིར་བྱས་ན་དེར་འགྱུར་བའི་ཕྱིར། གཉིས་པ་ཡོད་དེ། རྙེད་པ་དེ་དབྱར་གྱི་ནང་ལོགས་སུ་སོ་སོར་བགོས་ན་དེར་འགྱུར་བའི་ཕྱིར། གསུམ་པ་ཡོད་དེ། དགེ་སློང་གིས་དབྱར་རྙེད་སྦེད་པ་པོ་མ་སྐོས་པར་དགག་དབྱེའི་ཕྱི་དེའི་ཉིན་མར་ངོའི་ཚེས་གཅིག་གི་མཚན་མོ་འདས་པ་ན་དེར་འགྱུར་བའི་ཕྱིར། སྤང་བ་གསུམ་ཀའི་རྒྱུ་ཐུན་མོང་བ་ནི་དབྱར་རྙེད་ཡིན་ཏེ། དབྱར་གྱི་རྙེད་པ་ནི་བྱེད་པ་པོ་ཉིད་དོ། །ཞེས་མདོ་ལས་གསུངས་པ་ལྟར་རོ། །འདི་རྣམས་འཆད་པ་ལ་མདོར། རིམ་པ་བཞིན་དབྱར་གྱི་ནང་ལོགས་སུ་བདག་གིར་བྱས་ནའོ། །ཞེས་པ་དང་། དེ་བགོས་ན་ཡང་ངོ་། །མ་བགོས་ན་ཡང་ངོ་། །ཞེས་གསུངས། ལྟུང་བྱེད་དེ་རྣམས་ལ་སྟོན་ཟླ་ཐ་ཆུང་གི་སྤང་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དབྱར་སྔ་ཕྱི་གང་ཁས་བླངས་བ་ཡིན་ཀྱང་དབྱར་རྙེད་བདག་གིར་བྱེད་པ་དང་། བགོ་བ་སོགས་སྟོན་ཟླ་ཐ་ཆུང་གི་ཚེས་གཅིག་གམ་ཉའི་ཕྱི་དེ་ཉིན་བྱ་དགོས་རྒྱུ་ལ་མ་བྱས་པ་ལས་བྱུང་བའི་སྤང་ལྟུང་ཡིན་པའི་ཆ་ནས་དེ་ལྟར་བསྙད་པའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེས་དབྱར་གྱི་རྙེད་པ་དབྱར་གྱི་ནང་ལོགས་སུ་བདག་གིར་བྱས་པ་དང་། སོ་སོར་བགོས་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དབྱར་འདྲལ་བའི་རྒྱུར་འགྱུར་བའོ། །ཞེས་གསུངས། |
| Domain | ཆོས་ལུགས། |