44603
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ལྟུང་བ་དངོས་གཞི་རྫོགས་པ་ལ་གཞིའི་ཡན་ལག་ལ་བསྙེན་པར་རྫོགས་པ་ངེས་བཟུང་དུ་དགོས་པའི་ལྟུང་བ་ཞིག དེའི་ཚུལ་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་བསྙེན་པར་རྫོགས་པས་བསྐྱེད་པའི་ལྟུང་བའི་ཡན་ལག་ནི། དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི་བསླབ་པ་དག་ལ་ཡན་ལག་ཡིན་ནོ་ཞེས་གསུངས་པ་སོགས་ཀྱིས་བསྟན་པ་ཡིན་ཏེ། ལྟུང་བ་དེའི་ཡུལ་དུ་བསྙེན་པར་རྫོགས་པར་བྱས་ཤིང་སྡོམ་པ་སྐྱེས་པ། ཕམ་པས་མ་ཉམས་པ་གཅིག་དགོས་པར་བསྟན་པའི་ཕྱིར། དེ་དགོས་པའང་ཡིན་ཏེ། བསླབ་བྱིན་དང་སྡོམ་པ་མ་སྐྱེས་པའི་རྟགས་ཅན་དང་། མ་རྫོགས་པའི་རབ་བྱུང་གསུམ་ཡུལ་དུ་བྱས་ནས་བརྡེག་གཟས་སོགས་བྱས་ན་ལྟུང་བ་ན་སྨད་དུ་འགྱུར་བའི་ཕྱིར། ཡུལ་བསྙེན་པར་རྫོགས་པ་དེའི་ནང་གསེས་ཀྱི་ཁྱད་པར་ཡང་ཡོད་དེ། མཚན་དང་ལྟ་བ་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་གཉིས་ཀྱི་ཁོངས་སུ་གཏོགས་སོ་ཅེས་འབྱུང་བ་ལྟར། བརྡེག་གཟས་ཀྱི་ལྟུང་བ་སྐྱེ་བའི་ཡུལ་མཚན་མཐུན་པ་དགེ་སློང་ཕ་དང་། འཁྲུར་འཇུག་གི་སྤང་བ་བསྐྱེད་པའི་ཡུལ་མཚན་མི་མཐུན་པ་དགེ་སློང་མ་གང་ཡིན་ཀྱང་ལྟ་བ་མཐུན་པ་གཅིག་དགོས་པར་བསྟན་པའི་ཕྱིར། ལྟ་བ་མཐུན་པ་གཉིས་ཀ་ལ་དགོས་པ་ལས་ན། རང་གི་ཕྱོགས་ཞེས་པ་མཚན་མཐུན་པ་ལ་བཤད་དགོས་སོ། །དགེ་སློང་ཡུལ་དུ་བྱེད་དགོས་པའི་སྐབས་སུ། ཁྱིམ་པ་ཡུལ་དུ་བྱས་ན་ཅིར་འགྱུར་བ་ཡིན་ཞེ་ན། བཤད་དུ་ཡོད་དེ། འདིར་གཏོགས་པ་ལ་ཁྱིམ་པ་ལ་ནི་རྟགས་ཅན་ཉིད་ཀྱི་བས་ན་སྨད་དོ་ཞེས་འབྱུང་བ་ལྟར། དགེ་སློང་ཡུལ་དུ་བྱེད་དགོས་པའི་ལྟུང་བ་དངོས་གཞི་འདིར་གཏོགས་པ་ལ་ཁྱིམ་པ་ཡུལ་དུ་བྱས་ན་ལྟུང་བ་ན་སྨད་པ་བས་ཆེས་ན་སྨད་དུ་འགྱུར་བའི་ཕྱིར་ཏེ། རྟགས་ཅན་ལ་བརྡེག་པ་སོགས་བྱས་ན་ཉེས་བྱས་དང་། ཁྱིམ་པ་ལ་དེ་ལྟར་བྱས་ན་ཉེས་བྱས་ཕྲ་མོར་འགྱུར་བའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |