49064

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཆུ་བྱི་ཕྱི་ལོ་ ༡༣༡༢ ལོར་ཞ་ལུ་ཁང་གསར་དུ་ཡབ་བདག་ཆེན་བཟང་པོ་དཔལ་བ་དང་། ཡུམ་མ་གཅིག་གཞོན་ནུ་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བརྒྱད་པར་ཡི་གེའི་སྦྱོར་ཀློག་དང་། ཡབ་མེས་ཀྱི་ཆོས་ཐུབ་ཆུབ་མཛད། བཅུ་གཅིག་པར་བླ་ཆེན་ཀུན་དགའ་བློ་གྲོས་ལས་དགེ་བསྙེན་གྱི་སྡོམ་པ་མནོས། ཐེག་ཆེན་སེམས་བསྐྱེད་སོགས་གསན། བཅུ་བདུན་པར་མཁན་པོ་བསོད་ནམས་གྲགས་པ་སོགས་ལས་རབ་ཏུ་བྱུང་། མཚན་ལ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། བླ་མ་དཔལ་ལྡན་སེང་གེ་དང་། མཁན་ཆེན་བསོད་ནམས་བཟང་པོ། དཔང་ལོ་བློ་གྲོས་བརྟན་པ། ན་བཟའ་བྲག་ཕུག་པ་བསོད་ནམས་དཔལ་བ། སྲོན་པ་ཆོས་དཔལ་བཟང་པོ། བྲག་ཁ་བ་གྲགས་པ་སེང་གེ་སོགས་ལས། མདོ་སྔགས་རིག་གནས་ཀུན་ལ་སློབ་གཉེར་ཡང་དག་པ་གནང་། ཉི་ཤུ་པར་བོ་དོང་བྱ་རྒོད་གཤོངས་ཀྱི་གཙུག་ལག་ཁང་དུ་མཁན་ཆེན་བསོད་ནམས་གྲགས་པ་དང་། མཁས་མཆོག་དཔལ་ལྡན་སེང་གེ བླ་མ་བཟང་པོ་གསུམ་ལས་དགེ་སློང་བསྒྲུབས། དབང་ལུང་མན་ངག་ཀྱང་གསན། ཉེར་ལྔ་པར་བུ་སྟོན་རིན་ཆེན་གྲུབ་ལས་གདན་བཞི་དང་། རྡོར་དབྱིངས་སོགས་ཀྱི་དབང་བཀའ་མན་ངག་མང་དུ་གསན། བུ་སྟོན་རིན་པོ་ཆེའི་གསུང་རྩོམ་ཕལ་ཆེར་གྱི་བསྐུལ་བ་པོའང་མཛད། སོ་གཉིས་པར་ས་སྐྱའི་གདན་སའི་ཁྲིར་བཞུགས། རེ་གསུམ་པར་རྗེ་ཙོང་ཁ་བ་ཆེན་པོོར་ཟབ་ཆོས་ལེགས་པར་གནང་། རེ་བཞི་པ་རབ་བྱུང་དྲུག་པའི་ཤིང་ཡོས་ཕྱི་ལོ་ ༡༣༧༥ ལོར་རིན་ཆེན་སྒང་བླ་བྲང་དུ་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རྗེ་བཙུན་ཙོང་ཁ་པ་དང་། ལོ་ཆེན་བྱང་ཆུབ་རྩེ་མོ། ཀརྨ་བྱམས་ཆོས་བྱང་ཆུབ་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས་བཅས་ཡིན། གསུང་རྩོམ་ནི་ཚད་མ་རྣམ་འགྲེལ་གྱི་ཊིཀྐ་རྒྱས་འབྲིང་བསྡུས་གསུམ་དང་། མངོན་རྟོགས་རྒྱན་གྱི་ཊིཀྐ་རྒྱས་བསྡུས་གཉིས། སྤྱོད་འཇུག་གི་ཊིཀྐ རྒྱུད་བླ་མའི་ཊིཀྐ ཞིབ་མོ་རྣམ་དག་གི་ཊིཀྐ རྒྱུད་བླ་མའི་ཊིཀྐ ཞིབ་མོ་རྣམ་དག་གི་འཇུག་གི་ཊིཀྐ སྒྲའི་བསྟན་བཅོས་ཀ་ལཱ་པའི་ཊིཀྐ དུས་འཁོར་འགྲེལ་ཆེན་གྱི་ཊིཀྐ དུས་བཞི་སྟོང་པར་འཇུག་ཚུལ་གྱི་རྩིས་གཞི། སྦྱོར་དྲུག་གི་ཁྲིད་ཡིག ལམ་འབྲས་ཁྲིད་ཡིག ལམ་དུས་ཀྱི་ཁྲིད་ཡིག དྲུང་དོན་ཡོད་པ་ལ་བསྟོད་པ་བཅས་ཆོས་ཚན་བདུན་ཅུ་དོན་དགུ་བཞུགས། ས་སྐྱའི་གདན་སའི་ཁྲི་རབས་བཅུ་གསུམ་པ་ཡིན།