49335
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་པའི་ལྕགས་རྟ་ཕྱི་ལོ་ ༡༥༧༠ ལོར་གཙང་ལྷུན་རྒྱ་བའི་སྤྲེའུ་ཞེས་པའི་ཡུལ་དུ་ཡབ་ཚེ་རིང་དཔལ་འབྱོར་དང་། ཡུམ་མཚོ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་ཆོས་རྒྱལ་དཔལ་ལྡན་བཟང་པོ་གསོལ། ཆུང་དུས་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་དབེན་ས་པའི་སྤྲུལ་སྐུར་ངོས་བཟུང་། བཅུ་གསུམ་པ་ཆུ་རྟ་ཕྱི་ལོ་ ༡༥༨༢ ལོར་དབེན་དགོན་དུ་མཁས་གྲུབ་སངས་རྒྱས་ཡེ་ཤེས་དང་། ཁྲི་པ་དམ་ཆོས་ཡར་འཕེལ་ལས་རབ་ཏུ་བྱུང་། མཚན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དུ་གསོལ། བཅུ་བདུན་པ་མེ་ཁྱི་ཕྱི་ལོ་ ༡༥༨༦ ལོར་བཀྲ་ཤིས་ལྷུན་པོར་ཕེབས། བཀའ་པོད་ལྔའི་སློབ་གཉེར་དབུ་བཙུགས། ཉེར་གཉིས་པ་ལྕགས་ཡོས་ཕྱི་ལོ་ ༡༥༩༡ ལོར་བཀྲས་དགོན་ཁྲི་ཐོག་བཅུ་བཞི་པ་དམ་ཆོས་ཡར་འཕེལ་ལས་བསྙེན་པར་རྫོགས། ཉེར་དགུ་པ་ས་ཁྱི་ཕྱི་ལོ་ ༡༥༩༨ ལོར་གངས་ཅན་ཆོས་འཕེལ་གྱི་ཁྲིར་ཕེབས། སོ་གཉིས་པ་ལྕགས་གླང་ཕྱི་ལོ་ ༡༦༠༡ ལོར་བཀྲས་ལྷུན་དགོན་པའི་ཁྲིར་བཞུགས། ས་བྱ་ཕྱི་ལོ་ ༡༦༠༩ ལོར་བཀྲས་ལྷུན་རྒྱུད་པ་གྲྭ་ཚང་བཙུགས། ཆུ་གླང་ཕྱི་ལོ་ ༡༦༡༣ ལོ་ནས་བཟུང་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་དབུ་ལོ་དྲུག་མཛད། ཞེ་དྲུག་པ་ཤིང་ཡོས་ཕྱི་ལོ་ ༡༦༡༥ ལོར་ཟབ་ལམ་རིམ་གཉིས་ཀྱི་འཆད་ཉན་དར་འཕེལ་ཆེད། སྔགས་པ་གྲྭ་ཚང་གསར་འཛུགས་གནང་། ལི་མ་ལྷ་ཁང་སོགས་ལྷ་ཁང་ཁག་བཅོ་ལྔའི་ནང་བཞུགས་རྟེན་དང་། བརྟེན་པར་བཅས་པ་བཞེངས། མེ་སྦྲུལ་ཕྱི་ལོ་ ༡༦༡༧ སེ་འབྲས་གཉིས་ཀྱི་ཁྲིར་ཕེབས། ལྕགས་སྤྲེལ་ཕྱི་ལོ་ ༡༦༢༠ ལོར་ཕྱིངས་པ་སྟག་རྩེར་འཁྲུངས་པའི་ཆུང་སྲིད་དེ་ཏཱ་ལའི་བླ་མའི་སྤྲུལ་སྐུར་ངོས་བཟུང་། འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་གདན་ཞུ་གནང། རབ་བྱུང་དང་། དགེ་ཚུལ་སློང་གི་བསླབ་སྡོམ་སོགས་སྔ་རྗེས་སུ་ཕུལ། མདོ་སྔགས་ཀྱི་ཟབ་ཆོས་དུ་མ་ཕུལ། རབ་བྱུང་བཅུ་གཅིག་པའི་ས་སྦྲུལ་ཕྱི་ལོ་ ༡༦༢༩ ལོར་དགའ་ལྡན་གསེར་ཐོག་བཞེངས། ཤིང་སྤྲེལ་ཕྱི་ལོ་ ༡༦༤༤ ལོར་སེ་ཆེན་ཆོས་རྗེ་རྒྱ་ནག་ཏུ་ཆེད་གཏོང་མཛད་ནས། ཆིང་རྒྱལ་རབས་ཀྱི་གོང་མ་དང་། དགེ་ལུགས་པའི་བར་མཆོད་ཡོན་གྱི་འབྲེལ་བ་ཐོག་མར་ཆགས། གོང་མ་ཤུན་ཌིས་བླ་ན་མེད་པ་ཞེས་པའི་མཚན་ཕུལ། མ་ཟད་གསེར་ཡིག་པ་ཆེད་གཏོང་གིས་ཐམ་ག་སྐྱེས་དང་བཅས་པ་ཕུལ། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་པཎྜི་ཏ་ཆེན་པོ་དང་འབོ་ག་ཏོ་ཞེས་པ་སྟེ། བློ་གྲོས་སྟོབས་ལྡན་ཞེས་པའི་མཚན་གསོལ། ལོ་ངོ་དྲུག་ཅུ་ལྷག་རིང་དབུས་གཙང་མངའ་རིས། མདོ་སྟོད་སྨད། ལྷོ་མོན། རྒྱ་ནག ཁལ་ཁ། ཨོ་རོད་ཀྱི་བླ་དཔོན་ཆེ་དགུ་མཐའ་ངག་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། འཁོར་གསུམ་གྱི་མཛད་བཟང་མཐའ་ཡས་པ། འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བསྟན་ཉིན་མོར་ལྟར་དར་བར་མཛད་ཅིང་། ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱི་གཙུག་ཏུ་བཀུར། གོ་གསུམ་པ་རབ་བྱུང་བཅུ་གསུམ་པའི་ཆུ་སྟག་ཕྱི་ལོ་ ༡༦༦༢ ལོར་གཟིམས་ཆུང་བཀའ་གདམས་ཕོ་བྲང་དུ་སྐུ་གཤེགས། གསུང་རྩོམ་གསང་འདུས་རིམ་ལྔའི་ཊིཀ་དང་། བླ་མཆོད་ཕྱག་ལེན་རྩ་འགྲེལ་སོགས་པོད་ལྔ་བཞུགས། |
{{#arraymap:བློ་བཟང་ཆོས་ཀྱི་རྒྱལ་མཚན་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྒྱུད་སྟོད་མཁན་ཐོག་༡༡༠ སྤང་དགོན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི། སྨར་ཁམས་ཚྭ་བ་ལྷོ་ལ་སྒང་དུ། ༡༩༢༨ ས་ཕོ་འབྲུག་གི་ལོར་ཡབ་འཇམ་དཔལ་དང་ཡུམ་ཨ་སྐལ་གཉིས་སུ་འཁྲུངས། གཞི་དགོན་གཅུང་ལུང་ཀ་མདའ་དགོན་དུ་ཆོས་ཞུགས་མཛད། ༡༩༥༩ ལོར་གོང་ས་མཆོག་ནས་ཌལ་ཧོར་དུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་སྔོན་སྲོལ་མི་ཉམས་རྒྱུན་འཛིན་སྲ་བརྟན་ཐུབ་པ་སོགས་ཀྱི་དགོངས་བཞེད་བླ་མེད་ཀྱིས་མཁན་བླ་སྦྲགས་མའི་ཕྱག་རྟགས་སྤྱི་སྩོལ་གནང་བ་བཞིན། གཙོ་བོ་རྒྱུད་པའི་ཆོས་འཆད་ཉན་མི་ཉམས་རྒྱུན་འཛིན་དང་། མདོར་ན་གྲྭ་ཚང་འདི་ཉིད་ཀྱི་ཆོས་སྲིད་དཔལ་འབྱོར་སོགས་གང་ཅིར་ཐད་བཀའ་དྲིན་ཤིན་ཏུ་ཆེ་བར་བསྐྱངས་གནང་མཛད། ཕྱི་ལོ་ ༢༠༠༧ ལོར་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན། |
{{#arraymap:བློ་བཟང་ཆོས་ཀྱི་རྒྱལ་མཚན་
|; |@@@ | | }}