49917

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་ཅིག་ལབ་སྒྲོན་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་ཤིང་ལུག་ཕྱི་ལོ་ ༡༠༥༥ ལོར་འཁྲུངས། རང་ལོ་བཅུ་ལོན་པ་ན་ཀློག་ཐོགས་མེད་དུ་མཁྱེན། ལོ་བཅུ་གསུམ་སྐབས་མ་ཡུམ་གྲོངས་པ་དང་སྟོན་འཚོ་རིན་ཆེན་འབུམ་གྱིས་ཁྲིད་ནས་བཤེས་ཨ་སྟོན་གྱི་དྲུང་དུ་ཕྱིན། དེར་ཨ་མཆོད་ཀློག་ནས་ལོ་གསུམ་བསྡད། རང་ལོ་བཅུ་དྲུག་སོན་པ་དང་དགེ་བཤེས་ཀྱི་བཀའ་བཞིན་གྲྭ་ཐང་དུ་གྲྭ་པ་མངོན་ཤེས་ཅན་གྱི་སློབ་ཚོགས་སྐྱོང་བའི་གྲལ་དུ་བཏང༌། ལབ་སྒྲོན་ཀློག་ལ་ཧ་ཀྱང་མཁས་པས་གྲྭ་མངོན་གྱིས་ལབ་སྒྲོན་སྣོད་ལྡན་དུ་གཟིགས་ནས་ཡུམ་རྒྱས་འབྲིང་བསྡུས་གསུམ་ཀློག་བཅུག དེ་ནས་རབ་ཏུ་བྱུང༌། རང་ལོ་ཉི་ཤུ་སོན་པའི་ཕྱི་ལོ་༡༠༧༤ པའི་ཤིང་སྟག་ལོར། བླ་མ་གྲྭ་པའི་བཀའ་བཞིན་སྐྱོ་སྟོན་བསོད་ནམས་བླ་མའི་དྲུང་དུ་དབང་ཞུ་བར་ཕྱིན་གསང་སྔགས་ཀྱི་དབང་ལུང་རྫོགས་པར་ཐོབ། སྐབས་དེར་སངས་རྒྱས་ཐོད་པའི་རྣམ་འཕྲུལ་ཐོད་པ་བྷ་དྲ་དང་ཐབས་ཤེས་བསྒྲིགས་ནས་སྲས་བརྒྱུད་སྤེལ་ན་འགྲོ་དོན་འཕེལ་བ་ལུང་བསྟན་ཀྱང༌། བདུད་ཀྱི་བར་ཆད་དུ་དོགས་ནས་ནན་གྱིས་དཔྱད། ཕ་དམ་པ་གྲྭ་ཐང་དུ་བྱོན་ནས་ལབ་སྒྲོན་དང་མཇལ་འཕྲད་གནང༌། མ་གཅིག་གིས་དམ་པ་ལས་ཞི་བྱེད་ཀྱི་གདམས་ངག་མང་པོ་ཞུས། དགུང་ལོ་ཉེར་གསུམ་པར་ཕྱི་ལོ་ ༡༠༧༧ ལོར་ལན་གཅིག་འདམ་བུ་དབྱེ་ཆུང་དུ་བླ་མ་གྲྭ་མངོན་པའི་ཡོན་བདག་ལྷ་མོ་སྒྲོན་བྱ་བའི་ནང་དུ་ཀློག་ལ་ཕེབས་པའི་སྐབས་སུ་ཐོད་པ་བྷ་དྲ་བཞུགས་པ་དང་འཕྲད། ཁོང་དང་འདུས་རྗེས་དབུས་ལྷ་སའི་ཕྱོགས་སུ་ཕེབས་ཏེ་དགུང་ལོ་ཉེར་བཞི་པའི་ས་རྟ་ཕྱི་ལོ་ ༡༠༧༨ ལོར་སྲས་གྲུབ་པ་འཁྲུངས། འདི་ལ་མཚན་དངོས་སྲས་གླང་ལུང་པ་ཞེས་ཟེར། དེ་ནས་ཡུལ་གྱི་མི་ཁ་གཡོ་བའི་ཆེད་དུ་དྭགས་པོར་བྱོན་ཏེ་ལོ་གཅིག་བཞུགས། དེ་ནས་ཀོང་པོ་བྱོན་ཏེ་དགུང་ལོ་ཉེར་བདུན་པའི་ལྕགས་བྱ་ཕྱི་ལོ་༡༠༨༡་ལོར་སྲས་གྲུབ་ཆེན་འཁྲུངས། འདིའི་མཚན་དངོས་ཐོད་སྨྱོན་བསམ་འགྲུབ་ཟེར། དགུང་ལོ་སུམ་བཅུ་པའི་ཤིང་བྱི་ཕྱི་ལོ་༡༠༨༤ལོར་སྲས་མོ་གྲུབ་ཆུང་མའམ་ལ་འདུས་སྒྲོན་མ་འཁྲུངས། སོ་བཞི་པར་འཕེན་ཡུལ་གླང་ཐང་དུ་ཕེབས་ནས་བཞུགས། སོ་ལྔ་པར་ཕྱི་ལོ་ ༡༠༨༩ པའི་ས་སྦྲུལ་ལོར་མཁའ་འགྲོའི་ལུང་བསྟན་ལྟར་སྲས་རྣམས་བཞག་སྟེ་ལ་སྟོད་དུ་བྱོན་ནས་བླ་མ་རྣམ་གཉིས་དང་མཇལ། སྐྱོ་སྟོན་ལས་ཕག་མོ་ལྷ་ལྔའི་དབང་དང༌། དགེ་བསྙེན་གྱི་སྡོམ་པ་ཞུས། དིང་རིར་བྱོན་ནས་དམ་པ་དང་མཇལ། རླུང་སེམས་སྐོར་གྱི་གདམས་ངག་མང་པོ་ཞུས་ནས་ཟླ་བ་གཅིག་དང་ཞག་གསུམ་བར་དམ་པའི་དྲུང་དུ་བསྡད། དེ་ནས་སྐྱོན་སྟོན་བསོད་ནམས་བླ་མ་དང་། ཕ་དམ་པ་རྣམ་གཉིས་ཀྱི་ལུང་བསྟན་ལྟར་ཕྱི་ལོ་ ༡༠༩༡ པའི་ལྕགས་ལུག་ལོར་ཟངས་རི་མཁར་དམར་དུ་ཕེབས་ནས་གདན་ས་བཏབ། དགུང་ལོ་བཞི་བཅུ་པའི་སྐབས་སུ་མ་ཅིག་ལབ་སྒྲོན་ཞེས་མཚན་སྙན་བོད་ཁམས་ཡོངས་ལ་ཁྱབ། ཕྱི་ལོ་ ༡༠༩༦ པའི་མེ་བྱི་ལོར་ཡབ་ཐོད་པ་བྷ་དྲས་སྲས་ཆེ་བ་དང༌། སྲས་མོ་གཉིས་ཟངས་རིར་བསྐྱལ། ཁོ་རང་རྒྱ་གར་ཏུ་ལོག ལོ་དེར་ཕ་དམ་པ་ཟངས་རི་མཁར་དམར་དུ་གདན་འདྲེན་ཞུས། དེ་ལྟར་མ་ཅིག་གིས་སྐུ་ཚེ་རིལ་པོར་དམ་ཆོས་བདུད་ཀྱི་གཅོད་ཡུལ་ཟབ་མོ་ཉམས་སུ་བླངས་ནས་དགུང་ལོ་གོ་དགུ་པ་ཕྱི་ལོ་ ༡༡༥༣ པ་རབ་བྱུང་གསུམ་པའི་ཆུ་བྱ་ལོར་སྐུ་གཤེགས།