55152

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མི་དགེ་བའི་ལས་ལམ་བཅུ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བསམ་བཞིན་དུ་མ་ནོར་བར་རང་ལས་ཤེས་རྒྱུད་ཐ་དད་པའི་སྲོག་བཅད་ན་སྲོག་གཅོད་ཀྱི་ལས་ལམ། བསམ་བཞིན་དུ་མ་ནོར་བར་རང་ལས་ནོར་ཐ་དད་པའི་མིས་བདག་ཏུ་བཟུང་བའི་རྫས་མཐུའམ་ནན་གྱིས་འཕྲོགས་པའམ་འཇབ་བུས་བདག་གིར་བྱས་ན་མ་བྱིན་ལེན་གྱི་ལས་ལམ། བགྲོད་བྱ་མ་ཡིན་པ་གཞན་གྱིས་བདག་ཏུ་བཟུང་བའི་ཆུང་མ་ལ་མི་ཚངས་པར་སྤྱད་ན་ལོག་གཡེམ་གྱི་ལས་ལམ། ལོག་གཡེམ་བཞི་ནི། བགྲོད་བྱ་མ་ཡིན་པ་རང་གི་ཆུང་མ་མ་ཡིན་པ་ལ་བགྲོད་པ། ཡུལ་མ་ཡིན་པ་གཙུག་ལག་ཁང་སོགས་དང་། དུས་མ་ཡིན་པ་བསྙེན་གནས་ལ་གནས་པ་སོགས་དང་། ཡན་ལག་མ་ཡིན་པ་ཁ་དང་བཤང་ལམ་སོགས་བགྲོད་པ་རྣམས་སོ། །འདུ་ཤེས་བསྒྱུར་ནས་མི་ཆོས་བླ་མའི་རྫུན་སྨྲས་པའི་ཚིག་དོན་ཕ་རོལ་པོས་ནམ་གོ་བ་ན་རྫུན་སྨྲས་པའི་ལས་ལམ་སྐྱེས་པའི་ཕྱིར། ཕྲ་མ་སོགས་ཀྱང་ཡོད་དེ། གཞན་མཐུན་པ་དབྱེ་བའི་ཕྱིར་དུ་སྨྲས་པའི་ཉོན་མོངས་ཅན་གྱི་ཚིག་དེ་ཕྲ་མ། ཉོན་མོངས་ཅན་གྱིས་ཀུན་ནས་བསླངས་ཏེ་ཕ་རོལ་པོས་གོ་བར་གྱུར་པའི་མི་སྙན་པའི་ཚིག་དེ་ཚིག་རྩུབ། ཉོན་མོངས་ཅན་གྱིས་ཀུན་ནས་བསླངས་ཏེ་སྨྲས་པའི་ཚིག་ཕལ་ཆེ་བ་ངག་ཀྱལ། གཞན་གྱི་ནོར་ལ་བདག་གིར་བྱེད་འདོད་པའི་བརྔམས་སེམས་རྣམས་བརྣབ་སེམས། སེམས་ཅན་ཕལ་མོ་ཆེ་ལ་ཞེ་སྡང་བའི་སེམས་པ་རྣམས་གནོད་སེམས། དགེ་སྡིག་སོགས་མེད་པར་ལྟ་བའི་ལྟ་བ་ལོག་ལྟ་ཡིན་པའི་ཕྱིར། ངག་ཀྱལ་ངོས་འཛིན་པའི་ཚེ་ཕལ་ཆེར་ཞེས་སྨྲོས་པའི་དགོས་པ་ནི། གཞན་བྱེ་བྲག་སྨྲ་བ་ཁ་ཅིག་ན་རེ། ཉོན་མོངས་ཅན་གྱི་ཚིག་ཐམས་ཅད་ངག་ཀྱལ་ཡིན་ཏེ། རྫུན་སོགས་གསུམ་པོ་ལས་གཞན་པའི་ཉོན་མོངས་ཅན་གྱི་ཚིག་རྙེད་བཀུར་གྱི་ཕྱིར་སྙན་པར་སྨྲས་པའི་ཁ་གསག་དང་། ཆགས་སེམས་ཀྱིས་གླུ་ལེན་པ་དང་། གཅིག་གིས་བྱས་པ་ལ་གཅིག་གིས་འཁྱལ་བའི་ཟློས་གར་དང་། ཕྱི་རོལ་པའི་བསྟན་བཅོས་ངན་པ་འདོན་པ་དང་། སྨྲེ་སྔགས་དང་། འདུ་འཛིའི་གཏམ་ལ་སོགས་པ་དེ་ཡིན་པའི་ཕྱིར་ཞེས་འདོད་དོ་ཞེས་པའི་དོན་ཡིན་པའི་ཕྱིར་རོ། །འོ་ན་ལས་ལམ་ཡིན་ན་ལས་མིན་པས་ཁྱབ་བམ་ཞེ་ན། མ་ཁྱབ་སྟེ། ལུས་ངག་གི་བདུན་ནི་ལས་དང་ལས་ལམ་གཉིས་ཀ་ཡིན་གྱི། ཡིད་ཀྱི་གསུམ་ནི་ལས་ལམ་ཡིན་ཀྱང་ལས་མ་ཡིན་པའི་ཕྱིར།
Domain ཆོས་ལུགས།