60511
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཞི་བ་དགོན་ནི་ཉག་ཨ་ཛི་རོང་གི་ལྟེ་བར་ཀཿཐོག་དྲི་མེད་ཞིང་སྐྱོང་མགོན་པོ་ཉག་ཡུལ་དུ་བྱོན་སྐབས་འདིར་ཕེབས་ནས་དགོན་པ་ཞིག་འདེབས་དགོས་གསུངས། གོང་གི་དགོན་ཆུང་རྣམས་ལྷན་གཅིག་ཏུ་བསྡུས་ཏེ་དགོན་ཆེན་གཅིག་བཏབ་པ་ལ་མཚན་ཞི་བ་ལྷ་ཐིམ་དགོན་གསོལ། དེ་ནས་བཟུང་ཤར་རྒྱལ་བ་ཀཿཐོག་པའི་དགོན་ལག་ཏུ་གྱུར། ཀཿཐོག་ཆོས་འབྱུང་ལས་དྲི་མེད་ཞིང་སྐྱོང་དཔལ་ཆོས་ཀྱི་རྡོ་རྗེ་དེ་ཉིད་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་ལོར་འཁྲུངས་ཚུལ་འཁོད་པར་བརྟག་ན། དགོན་པ་འདི་བཏབ་ནས་ལོ་ཉིས་བརྒྱ་བརྒྱད་ཅུ་སོང་། གྲྭ་རྡོ་རྗེ་ཀཿཐོག་ཏུ་གྲྭ་སར་སོང་ནས་མཁན་པོར་གྱུར། སླར་རང་དགོན་དུ་ཕེབས་ནས་འདུལ་བའི་བསྟན་པ་བཙུགས། དགོན་ཟུར་གྱི་གྲོང་པ་རྣམས་སྤོ་དགོས་པའི་བཀའ་ཕེབས་པ་བཞིན་སྤོས་ནས་ར་གེར་ཆགས། ཡང་ཉག་དཔོན་གྱིས་ས་སྟོད་ཡང་དབེན་དགོན་མན་ཆད། བཞག་གསར་དགོན་ཡན་ཆད་ཀྱི་བླ་སེར་ཐམས་ཅད་དགོན་འདིར་བསྡུས་ནས་ཚེས་བཅུ་དང་དགུ་གཏོར་འཚོགས་པའི་སྲོལ་བཙུགས། དེའི་དབང་གིས་ད་ལྟ་ཡང་དགོན་འདིའི་དགུ་གཏོར་སྐབས་སྒྲུབ་ཁག་དྲུག་བདུན་རེས་འདོན་དགོས་པའི་རྒྱུ་མཚན་དེ་ལས་བྱུང་། པདྨ་བདུད་འདུལ་གྱིས་སྤོས་ཆག་པ་གང་མདུད་དེ་ཕུལ་བས་རྟེན་གྱི་གཙོ་བོ་སྤོས་མདུད་ཁུག་དྲུག་དང་ལྡན་པ་ཞིག་ད་ལྟའང་ཡོད། གཞན་ཡང་ཇོ་བོའི་སྐུ་བརྙན་ཉག་དཔོན་གྱི་བཀའ་ལྟར་ཞལ་ཉག་དཔོན་གྱི་ཕོ་བྲང་ལ་ཕྱོགས་ཏེ་བྱང་གི་ཕྱོགས་སུ་བསྟན། ཉག་དཔོན་མགོན་པོའི་སྲས་བསོད་ནམས་སེང་གེ་དགོན་བདག་ཏུ་བསྐོས། བླ་མ་དཔལ་ལྡན་འབར་ཕུག་ཆོས་དཔལ་རྒྱ་མཚོ་ལས་རབ་ཏུ་བྱུང་ནས་ཀཿཐོག་ཏུ་གྲྭ་སར་བྱོན། དྲི་མེད་ཞིང་སྐྱོང་བླ་མར་བསྟེན་ཀཿཐོག་ནས་བརྒྱུད་པའི་ཕྱག་ལེན། རྒྱལ་དབང་པདྨ་འོད་འབར་བུམ་སྒྲུབ་དང་། གར་འཆམ་སོགས་ཀྱི་ཕྱག་སྲོལ་ཁུངས་དག་རྣམས་བསླབས། རང་དགོན་དུ་འབྱོར་རྗེས་སྔར་ཡོད་ཀྱི་ཕྱག་སྲོལ་དག་ཐེར་དང་དེའི་ཟིན་བྲིས་རྒྱས་པ་མཛད། དེ་ནས་བཟུང་ད་ལྟའི་བར་ཀཿཐོག་སྔར་ལུགས་ལ་འགྱུར་ལྡོག་མ་བྱུང་ཞིང་། དབྱངས་གར་ཕྱག་ལེན་ཐམས་ཅད་རང་རྐྱ་འཕེར་པར་ཆགས། ཞི་བ་ལྷ་ཐིམ་དགོན་འདི་རིག་གསར་སྐབས། ཀཿདཔལ་རྫོགས་གསུམ་སོགས་ཀྱི་དགོན་ཁག་རྣམས་དང་འདྲ་བར་རྟེན་དང་བརྟེན་བཅས་ས་རྡོའི་ཕུང་པོར་བསྒྱུར། དེང་གི་ཆར་བླ་མ་རིན་པོ་ཆེ་འགྱུར་མེད་དང་། གནས་བརྟན་ཟུང་གི་བཀའ་དྲིན་དང་། བླ་གྲྭ་བརྒྱ་ལྷག་གཙོས་མང་ཚོགས་རྣམས་ཀྱིས་རོགས་སྐྱོར་ལ་བརྟེན་སྟེ་ལྷ་ཁང་ནང་རྟེན་བཅས་ལེགས་འགྲུབ་བྱུང་། འཚོགས་པ་ཚེས་བཅུ་དང་། དགུ་གཏོར། མཁའ་ཁྱབ་རང་གྲོལ་གྱི་ཚོགས་རྣམས་འཚོགས་བཞིན་ཡོད། |