62513
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་ཙཱ་བ་སྐད་གྲགས་ཅན་ཞིག་སྟེ། འཁོན་ཀླུའི་དབང་པོ་སྲུང་བ་ཡང་ཟེར། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན་འཁོན་དཔལ་པོ་ཆེའམ། མིང་གཞན་དཀོན་པ་རྗེ་གུང་སྟག་ཏུ་གྲགས་པ་དེས་རླངས་ཁམས་པ་གོ་ཆའི་སྲིང་མོ་རླངས་བཟའ་ནེ་ཆུང་ཁབ་ཏུ་བླངས་བ་ལས་སྲས་གཉིས་འཁྲུངས་པའི་ཆེ་བ་འཁོན་ལོ་ཙཱ་བ་ཀླུའི་དབང་པོ་སྲུང་བ་དང་། ཆུང་བ་རྡོ་རྗེ་རིན་ཆེན་གཉིས་བྱུང་། སྲས་ཆེ་བ་འཁོན་ཀླུའི་དབང་པོ་སྲུང་བ་ནི་སད་མི་བདུན་གྱི་ནང་ཚན་ཡིན་ཞིང་། མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ། མཚན་ན་ག་རཀྵི་ཏ་སྟེ་བོད་སྐད་དུ་ཀླུའི་དབང་པོ་སྲུང་བ་ཟེར། མཁན་ཆེན་དང་ཞང་པོ་ལས་གསང་སྔགས་ཀྱི་ཆོས་མང་དུ་གསན་ཞིང་། ལོ་ཙཱ་ལེགས་པར་མཁྱེན་ཞིང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་ལོ་ཙཱ་བ་རབ་དགུའི་ནང་གསེས་བར་བ་གསུམ་གྱི་ཡ་གྱལ་ཡིན་ཞིང་། བསམ་ཡས་གཙུག་ལག་ཁང་གི་སྦྱིན་བདག་ལག་དཔོན་མཛད་ནས་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་ཆོས་གཞུང་དུ་མ་བོད་དུ་བསྒྱུར། བྲག་ཡེར་པར་ཕུག་པ་ཞིག་ཏུ་སྒོམ་སྒྲུབ་ལ་བཞུགས་ནས་གྲུབ་པ་ཐོབ་ཏེ་དྲིལ་བུ་ཕུག་པའི་བར་སྣང་ལ་རྟེན་མེད་དུ་འཇོག་པར་མཛད་པས་ཕུག་པའི་མིང་ལ་དྲིལ་བུ་ཕུག་ཅེས་ཐོགས་ཏེ་ཡེར་པའི་གྲུབ་ཐོབ་བརྒྱ་རྩའི་གྲས་ཡིན་ཅིང་། རབ་ཏུ་བྱུང་བས་སྲས་བརྒྱུད་མེད། |