62519
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དང་པོའི་ཤིང་ཁྱི་ཕྱི་ལོ་ ༡༠༣༤ ལོར་གཡའ་ལུང་མཁས་སྟབས་སུ་འཁོན་ཤཱཀྱ་བློ་གྲོས་ཀྱི་སྲས་སུ་འཁྲུངས། གཞོན་དུས་སུ་ཡབ་དང་གཅེན་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ལས་དབང་བཤད་དང་མན་ངག་མང་དུ་གསན། གསང་སྔགས་རྙིང་མ་ལ་མཁས་པར་སྦྱངས། རྗེས་སུ་གསང་སྔགས་གསར་མ་ལའང་མཁས་པར་བསླབས། འཁྱིན་ལོ་ཙཱ་བ་ལས་ཀྱི་རྡོ་རྗེའི་དབང་དང་རྒྱུད་གསན། འབྲོག་མི་ལོ་ཙཱ་བ་ལས་རྒྱུད་གསུམ་གྱི་བཤད་པ་རྒྱས་པར་གསན། བཤད་བཀའ་འཛིན་པའི་བུ་ཆེན་ལྔའི་ནང་ནས་མཆོག་ཏུ་གྱུར། འགོས་ལོ་ཙཱ་བ་ལས་གསང་འདུས་ཀྱི་སྐོར་དང་། ཨོ་རྒྱན་གྱི་པཎྜི་ཏ་ཤེས་རབ་ལས་ཐིག་ལེ་ལྔའི་སྐོར། རྨ་ལོ་ཙཱ་བ་ལས་བདེ་མཆོག་དང་གྲུབ་སྙིང་གི་སྐོར་སོགས་གསན། གཞན་ཡང་མལ་ལོ་ཙཱ་བ་དང་། གནམ་ཁའུ་པ་སྐུ་མཆེད། འཁོན་སྐྱི་ཆུ་བ། སྐྱུ་ར་ཨ་སེང་སོགས་བླ་མ་དམ་པ་མང་པོ་ལས་སེམས་བསྐྱེད་དང་། དབང་བཤད་མན་ངག་མང་པོ་གསན། ཞུང་ཡུལ་འཇག་གཤོང་དུ་ཡབ་དང་གཅེན་གྱི་ཕྱི་རྟེན་བཞེངས། བྲ་བོ་ལུང་པར་དགོན་ཆུང་ཞིག་བཏབ། ལོ་འགར་བཞུགས་པས་དེ་ལ་ས་སྐྱ་གོག་པར་གྲགས། དཔོན་པོ་རི་གླང་པོ་ཆེ་ཉལ་བ་འདྲ་བའི་མཁལ་ཁུང་གཡས་པའི་ཐད་དུ་ས་དཀར་ཞིང་སྣུམ་པ་དང་། ཆུ་བོ་གཡས་སུ་འབབ་པ་སོགས་བཀྲ་ཤིས་དང་དགེ་མཚན་ལྡན་པར་གཟིགས་ཏེ། དེར་དགོན་པ་ཞིག་འདེབས་པར་དགོངས་ནས་ས་ཆ་སྤྱིའི་བདག་པོ་ཇོ་བོ་གདོང་ནག་པ་ལ་གནང་བ་ཞུས། སྒོས་ཀྱི་བདག་པོ་ཞང་ཞུང་གུ་ར་བ་དང་། བནྡེ་གྲོང་བཞི། ལྷ་མི་གྲོང་བདུན་ཟེར་བ་དེ་རྣམས་ལ། རྟ་རྒོད་མ་དཀར་མོ་གཅིག་དང་། ནོར་བུའི་ཕྲེང་བ། མོ་གོས་གཅིག་སོགས་གནང་ནས་ས་དེ་ཉོས། སོ་དགུ་པ་ཕྱི་ལོ་ ༡༠༧༣ ལོར་ས་སྐྱའི་དགོན་པ་བཏབ། འཆད་ཉན་གྱིས་དུས་འདའ་བར་མཛད། རབ་བྱུང་གཉིས་པའི་ཆུ་རྟ་ཕྱི་ལོ་ ༡༡༠༢ ལོར་སྒོ་རུམ་དུ་སྐུ་གཤེགས། འཁོན་ས་སྐྱ་པ་ཞེས་གྲགས་པའི་ཐོག་མ་སྟེ་ས་སྐྱའི་བསྟན་པའི་མེས་པོ་ཡིན། |