65743

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འདུལ་བ་ཕལ་ཆེན་སྡོམ་བྱེད་དམ་པའི་རྒྱུད་ (1)
Part of speech མིང་ཚིག
Definition འདུལ་བ་རྒྱུད་དྲུག་གི་ནང་གསེས་(ཕལ་ཆེན་སྡོམ་བྱེད་དམ་པའི་རྒྱུད)་ཅེས་པའི་གཞུང་འདི། མཛད་པ་པོ། གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་དེ་ཉིད་ཡིན། མཛད་པའི་དུས། འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་ལྟར། ཕྱི་ལོའི་སྔོན་གཤེན་ལོ་སུམ་ཅུ་སོ་གཅིག་སྟེ་སྟོན་པ་རབ་ཏུ་བྱུང་ཞིང་རང་བྱུང་གིས་བསྙེན་པ་རྫོགས་པར་བཤད་པ་དང་། སླར་ཡང་རྫུ་འཕྲུལ་གྱི་གཤོག་དྲུག་སྐུ་ལ་སྐྱེས་ཏེ་འོག་མིན་གནས་སུ་བྱོན་ནས། སྔོན་གྱི་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་སློབ་མ་དྲང་སྲོང་ལེགས་ལྡན་རྒྱལ་བའི་མདུན་ནས་དག་པ་དྲང་སྲོང་གི་སྡོམ་པ། ཕྱི་ཚུལ་སུམ་བརྒྱ་དྲུག་ཅུ་དང་ནང་ཁྲིམས་གཉིས་བརྒྱ་ལྔ་བཅུ་རྣམས་རྫོགས་པར་མཛད་དེ། མཚན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ཁྲི་གཙུག་རྒྱལ་བ་ཞེས་མཚན་དུ་གསོལ། དེ་ནས་དཀའ་ཐུབ་རྣམ་པ་གསུམ་པོ་རེ་རེར་མི་ལོ་བརྒྱ་བརྒྱར་བརྩི་བས་མི་ལོ་སུམ་བརྒྱ་རུ་དཀའ་བ་སྤྱད་ནས་བདུད་རྣམས་རང་ཞིར་སོང། དེ་ནས་ཟད་མཚམས་མེ་ཏོག་གི་གླིང་དུ་འདུལ་བ་སྡེ་བཅུ་དང་། བོན་གྱི་འཁོར་ལོ་ཚིགས་བཞི་རྣམས་གསུངས། ལྷོ་ཤར་འདུལ་བ་ཁྲིམས་ཀྱི་གླིང་དུ་བྱོན་ནས། འདུལ་བ་རྒྱུད་དྲུག་དང་། མངོན་པ་སྡེ་བཞི་གསུངས། ཞེས་པ་ལྟར་རོ། །གཞུང་འདིའི་བརྗོད་བྱ་ནི། སྡེ་སྣོད་གསུམ་གྱི་ནང་ཚན་འདུལ་བའི་སྡེ་སྣོད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་ཁོངས་གཏོགས་ཚུལ་ཁྲིམས་ཀྱི་བོན་རྣམ་པ་གསུམ་དང་། གཞན་གཏམ་རྒྱུད་ཐམས་ཅད་གོང་འོག་དཔེ་རུ་མཚོན་པའི་དཔེ་ལ་དོན་མ་འགག་པ་འཆད་མཁན་བཟང་བ་དང་། དོན་དང་འདུལ་བ་འགལ་བ་འཆད་མཁན་གྱི་མཚང་ལ་སོགས་སྤྱི་བསྟན་པ་དང་། བྱེ་བྲག་ཏུ་གཞུང་འདིར་སྡེ་ཚན་སོགས་མི་འདྲ་བའི་ལེའུ་གྲངས་སུ་བགྲང་ན་ལེའུ་ཉེར་གཅིག་ཡོད་དེ། འདུལ་བ་ཕལ་ཆེན་དམ་པའི་རྒྱུད་ལས་དང་པོའི་ལེའུ་སྟེ་གཅིག་པའོ། །སྒྲ་སྐད་དོན་བསྟན་ལེའུ་སྟེ་གཉིས་པའོ། །བསྟན་པར་དམ་བཅའ་བཞིའི་ལེའུ་སྟེ་གསུམ་པའོ། །དགོས་འབྲེལ་དོན་བསྟན་ལེའུ་སྟེ་བཞི་པའོ། །འདུལ་གནད་བཞི་དོན་གྱི་ལེའུ་སྟེ་ལྔ་པའོ། །སྙིང་རྗེ་དོན་བསྐོར་གྱི་ལེའུ་སྟེ་དྲུག་པའོ། །འདུལ་བ་ངང་འཚོ་ཕལ་ཆེན་སེམས་བསྐྱེད་ལེའུ་སྟེ་བདུན་པའོ། །རང་མཚང་ཁང་ན་བྱིན་པའི་ལེའུ་སྟེ་བརྒྱད་པའོ། །བྱང་ཆུབ་ལམ་སྲོལ་ལེའུ་སྟེ་དགུ་པའོ། །བསམས་པ་རྒྱ་ཆེར་རོལ་པ་སྦྱོར་བའི་ལེའུ་སྟེ་བཅུ་པའོ། །ཀུན་རྫོབ་དང་དོན་དམ་གྱི་ལེའུ་སྟེ་བཅུ་གཅིག་པའོ། །འདུལ་བ་དཔེ་བཟང་ལུགས་བཙུན་ལེའུ་སྟེ་བཅུ་གཉིས་པའོ། །འདུལ་བ་གཉེན་པོ་དཔའ་བརྟན་ལེའུ་སྟེ་བཅུ་གསུམ་པའོ། །འདུལ་བ་སྣང་དཔེ་བཀག་པའི་ལེའུ་སྟེ་བཅུ་བཞི་པའོ། །འདུལ་བ་གནང་བཀའ་གསལ་བའི་ལེའུ་སྟེ་བཅོ་ལྔ་པའོ། །འདུལ་བ་སྡུག་བསྔལ་ཡོན་ཏན་ལེའུ་སྟེ་བཅུ་དྲུག་པའོ། །འདུལ་བ་བྱང་ཆུབ་ལམ་སྲོལ་སྒོ་གསུམ་སྡོམ་པའི་ལེའུ་སྟེ་བཅུ་བདུན་པའོ། །འདུལ་བ་འགལ་སྤངས་རྣམས་ལེའུ་སྟེ་བཅོ་བརྒྱད་པའོ། །འདུལ་བ་ཕལ་ཆེན་སྦས་གབ་ལེའུ་སྟེ་བཅུ་དགུ་པའོ། །འདུལ་བ་གནང་གཏད་ཀྱི་ལེའུ་སྟེ་ཉི་ཤུ་ཐམ་པའོ། །འདུལ་བ་གདུང་བྱེད་མི་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ། །ཞེས་གསུངས་སོ། །