71625

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:25, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡུམ་དང་སྲས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སྐབས་འདིར་ཡུམ་དང་སྲས་ནི་ཡུམ་མཁྱེན་པ་གསུམ་དང་སྲས་འཕགས་པ་བཞི་ལ་ཡུམ་སྲས་སུ་འཇོག་པ་ཡིན་ནོ། །ཡུམ་སྲས་སུ་འགྱུར་ཚུལ་ནི། སྲས་འཕགས་པ་བཞི་བསྐྱེད་པ་ལ་ཐེག་པ་འདི་ལ་ལྟོས་པའི་ཐབས་ཤེས་ཀྱི་ཆ་གཉིས་ཡོད་དེ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཐུན་མོང་བའི་རྒྱུ་བྱེད་པས་མ་དང། སྙིང་རྗེ་ཆེན་པོ་དང། བྱང་ཆུབ་ཀྱི་སེམས་ལ་སོགས་པས་ཐུན་མོང་མ་ཡིན་པའི་རྒྱུ་བྱེད་པས་ཕར་གསུངས་པའི་ཕྱིར། ཡུམ་སྟོང་ཉིད་རྟོགས་པའི་བསམ་གཏན་གྱི་བདེ་བའི་མངལ་བཟང་པོར། ཡབ་བྱང་ཆུབ་ཀྱི་སེམས་ཀྱིས་ས་བོན་བཏབ་པ་སྙིང་རྗེ་ཆེན་པོའི་མ་མ་དང། ཐབས་ཤེས་གཞན་གྱིས་སྐྱེད་སྲིངས་པས་རིགས་ཅན་གསུམ་གྱི་བཞེད་དོན་སྒྲུབ་པའི་བྱང་སེམས་འཕགས་པ་འབྱུང་པའི་ཕྱིར། དེ་ལྟར་ཡང་རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མར་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་དང། རྒྱན་ལས། ཀྱང། ཆོས་ལ་མོས་པ་ས་བོན་དང། །ཕ་རོལ་ཕྱིན་མཆོག་མ་ལས་སྐྱེས། །བསམ་གཏན་ལས་བྱུང་བདེ་བ་མངལ། །སྙིང་རྗེ་སྐྱེད་པའི་མ་མའོ། །ཞེས་གསུངས། དེས་ན་འདིར་བསྟན་མཆོད་བརྗོད་ཡུལ་དུ་གྱུར་པའི་ཡུམ་ལ་མངོན་པར་རྟོགས་པ་བརྒྱད་དུ་ཡོད་ཀྱང། སྐབས་འདིར་དངོས་སུ་བསྟན་པའི་མཆོད་བརྗོད་ཡུལ་དུ་གྱུར་པའི་ཡུམ་ལ་མཁྱེན་པ་གསུམ་དུ་གྲངས་ངེས་ཏེ། འགྲེལ་པ་འདིར། ཐམས་ཅད་ཤེས་པ་ཉིད་དང། ལམ་ཤེས་པ་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། ཞེས་གསུངས་པ་དང། ཉི་སྣང་ལས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་རྣམ་པ་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་པ་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར། དེ་ཡང་དངོས་བསྟན་ཙམ་ལ་ཐེག་དམན་གྱི་གཞི་ཤེས་འཇོག་ཀྱང། གཞུང་གི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་ནི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་གཞི་ཤེས་དང། ལམ་ཤེས་ནི་རྒྱུ་ལམ་ཤེས་དང། རྣམ་མཁྱེན་ཡང་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱའི་ཐོབ་བྱར་གྱུར་པའི་འབྲས་སྐྱབས་ཅིག་ལ་བྱ་སྟེ། སྐབས་གསུམ་པ་དང། གཉིས་པ་དང། དང་པོར་བསྟན་པའི་མཁྱེན་པ་གསུམ་ལ་གཙོ་བོར་འཇོག་ཅིང་དོན་གཅིག་པའི་ཕྱིར་རོ། །
Domain ཆོས་ལུགས།