71698

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:25, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡུལ་གྱི་ལྟ་བ་ (1)
Part of speech མིང་ཚིག
Definition ཉན་ཐོས་དང་ནི་ཐེག་ཆེན་ལ། །ལྟ་བའི་རིམ་པ་ཡོད་མོད་ཀྱི། །ཕ་རོལ་ཕྱིན་དང་གསང་སྔགས་ལ། །ལྟ་བའི་དབྱེ་བ་བཤད་པ་མེད། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །སྤྲོས་བྲལ་ཡིན་ན་ཁྱད་པར་མེད། །ཅེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་གནས་ལུགས་རྟོགས་པའི་ལྟ་བར་བཞེད་པ་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་རྣལ་འབྱོར་བླ་ན་མེད་པའི་བར་དུ་ཁྱད་མེད་པས་རྒྱུད་ཀྱིས་འགྲེལ་པ་རྣམས་སུ་ཡང། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དང་བསྟན་བཅོས་ཀྱི་ལུང་རྣམས་ལྟ་བའི་སྒྲུབ་བྱེད་དུ་འགོད་པར་མཛད་དོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། ཐེག་པ་གསུམ་དུ་བྱས་པའི་ཉན་ཐོས་ཀྱི་དང། ཐེག་ཆེན་ལ་སྤྲོས་བྲལ་རྟོགས་པ་དང། མ་རྟོགས་པའི་བྱེ་བྲག་གིས་ལྟ་བའི་རིམ་པ་ཡོད་མོད་ཀྱི། ཐེག་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དང། གསང་སྔགས་ལ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ལྟ་བའི་དབྱེ་བ་བཤད་པ་མེད་པའི་ཕྱིར་རོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པས་གཏན་ལ་ཕབ་པའི་སྤྲོས་བྲལ་ལས་ལྷག་པའི་རྡོ་རྗེ་ཐེག་པའི་ལྟ་བ་ཡོད་ན་ལྟ་བ་དེ་སྤྲོས་པ་ཅན་དུ་འགྱུར་ཏེ། སྤྲོས་བྲལ་ལས་འདས་པའི་ལྟ་བ་ཡིན་པའི་ཕྱིར། རྡོ་རྗེ་ཐེག་པའི་ལྟ་བ་དེ་སྤྲོས་བྲལ་ཡིན་ན་ནི། ཕ་རོལ་ཏུ་ཕྱིན་པས་གཏན་ལ་ཕབ་པའི་ལྟ་བ་དང། ཁྱད་པར་མེད་པ་དེས་ན་བཤད་པས་གོ་བའི་ཐོས་པའི་ལྟ་བ་གཅིག་ཉིད་ཡིན་ནོ། །ཐོས་པའི་ལྟ་བ་ཕ་རོལ་ཏུ་ཕྱིན་པའི་དབུ་མ་ལས་ལྷག་པ་གཞན་མེད་པའི་དོན་ཡང། མཐའ་བཞིའི་སྤྲོས་བྲལ་དུ་གཏན་ལ་ཕབ་ན་དབུ་མའི་ལྟ་བ་དེ་ཉིད་ཡིན་ཅིང། སྤྲོས་བྲལ་དུ་གཏན་ལ་མ་ཕབ་ན་མཐའ་བཞི་གང་རུང་ལས་མ་འདས་པས་དབུ་མ་ལས་དམན་པའོ། །སྤྱིར་ལྟ་བ་ལ་རྟོགས་བྱེད་ཀྱི་ཡེ་ཤེས་ལ་ལྟ་བར་བྱས་པ་དང། རྟོགས་བྱའི་ཡུལ་ལ་ལྟ་བར་བྱས་པ་གཉིས་ལས། འདི་ཕྱི་མ་ཡིན་ཅིང། དེ་ཡང་གྲུབ་མཐའ་རང་རང་གི་ལུགས་ཀྱི་རིགས་པ་ཡང་དག་གིས་དཔྱད་པའི་ཚེ། བློ་དེའི་ངོར་གནོད་པ་མེད་པར་གྲུབ་པ་ལ་ལྟ་བར་འཇོག་པ་ཡིན་ནོ། །དེས་ན་སྤྲོས་བྲལ་དུ་གཏན་ལ་ཕབ་པའི་ཆ་ལ་ཁྱད་པར་མེད་པ་ཡིན་གྱི། ཉམས་མྱོང་ལ་ཁྱད་པར་ཡོད་པ་ནི་བཤད་ཟིན་ཏོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]