73867
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཤེན་རྗེ་གཤེད་ཀྱི་སྲོལ་འཛིན་ཟླ་དང་བྲལ་བ་མཐུ་སྟོབས་དབང་ཕྱུག་རྭ་ཆེན་རྡོ་རྗེ་གྲགས་ནི། རབ་བྱུང་སྔོན་གྱི་མེ་འབྲུག་ཕྱི་ལོ་ ༡༠༡༦ ལོར་གསང་སྔགས་རྙིང་མའི་རྒྱུད་འཛིན་རྭ་སྟོན་དཀོན་མཆོག་རྡོ་རྗེའི་སྲས་སུ་སྣང་ཡུལ་དུ་སྐུ་འཁྲུངས། སྐུ་གཞོན་དུས་ཁྱིམ་གྱི་འཚོ་ཐབས་དང་ཕྱུགས་སྐྱོང་བ་སོགས་བྱས་པ་དང་། དེའི་སྐབས་སུའང་ཡི་གེ་འབྲི་ཀློག་བསྙེན་སྒྲུབ་གསང་སྔགས་གསར་རྙིང་གི་ཆོ་ག་ལ་གསན་བསམ་མང་པོ་མཛད། རྗེས་ནས་བལ་ཡུལ་དུ་ཕེབས་ཏེ་བླ་མ་མཉྫ་གླིང་པ་དང་། བྷོ་རོ་ཕྱག་རྦ་མ། བལ་ཡུལ་ཐུགས་རྗེ་ཆེན་པོ་སོགས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ཏེ་ཆོས་བཀའ་ཞུས་ཤིང་བསྙེན་རྫོགས་བསྒྲུབས། ལོ་བཅོ་ལྔ་ཙམ་བཞུགས། རྒྱ་གར་གནས་ཆེན་ཁག་ལ་ཕེབས་ནས་རྒྱ་ཆེར་མཆོད། དེ་ནས་པུ་རངས་ཡ་རྩེ་ལ་སྟོད་རྣམས་བརྒྱུད་དེ་མར་བྱོན། བལ་ཡུལ་ཐུགས་རྗེ་ཆེན་པོ་གདན་དྲངས་ཏེ་འགྲོ་དོན་མཛད། དགྲ་གདོང་འཇིགས་གསུམ་གྱི་རྒྱུད་རྣམས་བསྒྱུར་ཞིང་འཆད་ཉན་གྱིས་གཏན་ལ་ཕབ། བསྐྱེད་རིམ་གྱི་རྟོགས་པ་ཚད་དུ་ཕྱིན་ཞིང་བསམ་གཏན་སྒོས་ལས་བཞི་གྲུབ། གསོད་དང་གསོ་བ་ལ་མངའ་བརྙེས་པས། མར་པའི་སྲས་དར་མ་མདོ་སྡེ་དང་། ཟངས་དཀར་ལོ་ཙྭ་བ་འཕགས་པ་ཤེས་རབ། འབྲོ་མི་ཇོ་སྲས། ཁམས་པ་ཇོ་སྲས་སོགས་རྡོ་རྗེ་འཛིན་པ་བཅུ་གསུམ་བགྲོངས་པར་གྲགས། ཆོས་ཡོན་བྱུང་བ་རྣམས་བརྩིས་ན་ཡིག་འབྲུ་རེ་ལ་གསེར་སྲང་གང་རེ་རྩིས་བྱུང་བར་གླེང་པས་ན་བཟའ་དང་བཞེས་ཆས་ལ་མངའ་བདག་ཁྲི་རལ་གྱིས་མི་འགྲན་པ་བྱུང་། ཐུགས་སྲས་ལོ་ཙྭ་བ་ཆོས་རབ། ཞང་ཚེ་སྤོང་། འབྲེ་ཆེན་པོ། དཔྱད་ལོ། ཀྲེ་པོ་མགོན་པོ་སོགས་དམ་པ་མང་པོ་བྱུང་། བསམ་ཡས་གཞི་བདག་བཏུལ་ཏེ་ཞིག་གསོས་མཛ་པ་སོགས་སྐུ་གསུང་ཐུགས་རྟེན་བཞེངས་པའི་ཆ་རྐྱེན་མང་དུ་སྦྱར། དེ་ལྟར་མངོན་སྤྱོད་ཀྱིས་བསྟན་པ་སྲུང་ཞིང་འགྲོ་དོན་དཔག་མེད་མཛད་པའི་མཐར། དགུང་ལོ་བརྒྱ་དང་བརྒྱད་དམ། ཁ་ཅིག་བརྒྱ་དང་བཅུ་ལ་ནེའུ་མེ་ཏོག་ལྡན་དུ་སྐུ་བསྙུང་བ་མེད་པར་འདའ་ཚུལ་བསྟན། |