74559
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། རིགས་བདག་གིས་རྒྱས་འདེབས་བྱེད་པའི་ཚུལ་ནི། དམ་ཚིག་སེམས་དཔའི་ཅོད་པན་ལ་རིགས་བདག་གིས་རྒྱས་འདེབས་བྱེད་པར་མདོར་བྱས་ལས་དངོས་སུ་མ་བཤད་ཀྱང་། མདོ་བསྲེ་དང་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས་བཤད་པ་ལྟར། དབུ་རྒྱན་ལ་ནི་རིགས་ཀྱི་བདག་པོ་བསམ། །ཞེས་གསུངས་པས་བསྟན། ཚུལ་ཇི་ལྟར་དུ་སྒོམ་པ་ནི། དམ་ཚིག་སེམས་དཔའི་རལ་བའི་ཅོད་པན་ལ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྷན་ཅིག་ཁ་སྦྱོར་གྱི་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་འཛག་པའི་རྒྱུན་གྱིས་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ཏིང་ངེ་འཛིན་སེམས་དཔའ་གསུམ་པོ་ཐམས་ཅད་མཉེས་ཤིང་ཚིམ་པར་བསམ་པ་ནི། རྩ་རྒྱུད་ལེའུ་བཅུ་གཉིས་པ་ལས། རྡོ་རྗེ་འཛིན་མཆོག་ཅོད་པན་ལའོ། །ཞེས་པས་བསྟན་པར་མདོ་བསྲེ་ལས་བཤད། རིགས་བདག་ཡུམ་བཅས་སུ་བསྒོོམ་པར་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས་བཤད། རྡོ་རྗེ་དང་དྲིལ་བུ་འཛིན་པ་སློབ་དཔོན་ཐུབ་པ་དཔལ་གྱིས་བཤད། དེ་ལ་ཁ་ཅིག སྐབས་འདིར་རིགས་བདག་གིས་རྒྱས་འདེབས་བྱེད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན་དེའི་རྒྱུ་མཚན་ཡོད་དེ། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་དེ་སྐུ་གསུམ་ལམ་ཁྱེར་གྱི་སྒོ་ནས་བསྐྱེད་ཆོག་ཡོངས་སུ་རྫོགས་པར་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེས་ན་འདུས་པའི་སྒྲུབ་ཐབས་ཚར་གཅིག་པོ་འདི་ལ་ལྷའི་བསྐྱེད་ཆོག་མི་འདྲ་བ་ལྔ་ཡོད་དེ། ལྷག་མོས་ཀྱི་ལྷ་རྣམས་སྐབས་ཅིག་གིས་བསྐྱེད་པ། དང་པོ་མགོན་པོ་མངོན་བྱང་ལྔའི་སྒོ་ནས་བསྐྱེད་པ། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་སྐུ་གསུམ་ལམ་ཁྱེར་གྱི་སྒོ་ནས་བསྐྱེད་པ། ལུས་དཀྱིལ་གྱི་ལྷ་རྣམས་ས་བོན་རྐྱང་པ་ལས་བསྐྱེད་པ། དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་སྒོ་འདུན་གྱི་སྒོ་ནས་བསྐྱེད་པ་རྣམས་སུ་ཡོད་པའི་ཕྱིར། |
| Domain | ཆོས་ལུགས། |