76499
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཅིག་པའི་མེ་སྟག་ཕྱི་ལོ་ ༡༦༨༦ ལོར་ཧོར་ཡུལ་ཨ་རུ་ཧོ་ཆེན་དུ་འཁྲུངས། དགུང་ལོ་བཞི་པར་སྡེ་ཁྲི་བློ་བཟང་དོན་གྲུབ་ནས་དུས་འཁོར་རྒྱ་ནག་པ་ངག་དབང་ཕུན་ཚོགས་ཀྱི་ཡང་སྤྲུལ་དུ་ངོས་བཟུང་། བདུན་པར་སྡེ་ཁྲི་རིན་པོ་ཆེ་ལས་རབ་ཏུ་བྱུང་། ཡི་གེའི་འབྲི་ཀློག་བཅས་ལ་སྦྱངས། བཅུ་གཅིག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། བཅུ་གཉིས་པར་འཇམ་དབྱངས་བཞད་པའི་རྡོ་རྗེས་རྩིས་བཞག་གནང་སྐབས་ཆོས་གྲྭར་ཞུགས། བླ་མ་འཇམ་དབྱངས་ལ་བྱམས་ཆོས་དང་དབུ་མ་རིགས་ཚོགས་སོགས་ཀྱི་ཚིག་རྒྱུགས་ཕུལ། བཅུ་དྲུག་པར་སྤྱི་དོན་རིགས་རྒྱན་དང་བློ་རྟགས་སོགས་ཚད་མའི་སྐོར་གྱི་འབེལ་གཏམ་མཛད། ཉེར་གཅིག་ནས་གཞུང་ཆེན་ལྔར་མཁས་པར་སྦྱངས། ཉེར་ལྔ་པར་ཀུན་མཁྱེན་བླ་མའི་བཀའ་བཞིན་བཀའ་པོད་ལྔའི་བརྒལ་ལན་མཛད། རྡོ་རམས་པའི་དམ་བཅའ་ཐོན། རྒྱ་ནག་ཏུ་ཐེངས་འགར་ཕེབས། དབང་ལུང་མན་ངག་གི་རྒྱུན་མང་དུ་སྤེལ། གཡོན་རུའི་ས་ཧུ་བེ་ཧུང་ཝང་གིས་སྦྱིན་བདག་མཛད་དེ་བདེ་མཆོག་བློས་བསླངས་ལྟར་གྱི་གཙུག་ལག་ཁང་བཞེངས། བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་དང་། བླ་བྲང་དུས་འཁོར་གྲྭ་ཚང་གི་ཁྲིར་བཞུགས། མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ། ཙོང་ཁ་བརྒྱད་ཅུའི་ལྷ་ཁང་གཡུ་ཐོག་ཅན་བདེ་ཡངས་བཅས་བཞེངས། རབ་བྱུང་བཅུ་གཉིས་པའི་ས་རྟ་ཕྱི་ལོ་ ༡༧༣༨ ལོར་ཨུ་ཆི་མུ་ཆེན་གཡོན་རུར་སྐུ་གཤེགས། གསུང་རྩོམ་ནི་དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་བ་དང་། དགེ་འདུན་ཉེར་ལྔའི་རྣམ་གཞག རྒྱལ་པོ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད། ཕར་ཕྱིན་སྐབས་ཀྱི་དྲིས་ལན། དུས་འཁོར་ཁྲི་བཤད་བཅས་པོད་གཉིས་བཞུགས། |