76619

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྒྱ་ཡག་བསྐལ་བཟང་ཚུལ་ཁྲིམས་བསྟན་པའི་ཉི་མ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ས་རྟ་ཕྱི་ལོ་ ༡༨༥༨ ལོར་ཆ་གྷན་པུ་ལག་ཏུ་ཡབ་ཤར་བན་གསང་བདག་སྐྱབས་དང་། ཡུམ་ཁྲོ་ལོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་པར་དབོན་པོ་ཕྱག་མཛོད་བློ་བཟང་རྒྱལ་མཚན་དང་། ཆོས་རྗེ་བློ་བཟང་ཆོས་འབྱོར། ནང་སོ་བློ་བཟང་མཁས་གྲུབ་སོགས་ཀྱིས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། ཆོས་རྗེ་བླ་མ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། དབུ་མཛད་དམ་ཆོས་ཡར་འཕེལ་ལས་ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་བཅས་ལ་སྦྱངས། དགུ་པར་སྐུ་འབུམ་རང་སྒར་དུ་གདན་སར་བཀོད། ཟི་ན་མཁན་ཆེན་སྐལ་བཟང་དར་རྒྱས་རྒྱ་མཚོ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། བཅུ་གཉིས་པར་སྟོང་འཁོར་དཀའ་བཅུ་རྒྱ་མཚོ་མཐའ་ཡས་ཡོངས་འཛིན་དུ་བསྟེན། སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། རྣམ་འགྲེལ་སོགས་གཞུང་ཆེ་ཆུང་རྣམས་ལ་མཁས་པར་སྦྱངས། བཅུ་གསུམ་པར་གྲུབ་དབང་རྡོ་རྗེ་འཆང་ལས་འཇིགས་བྱེད་དཔའ་གཅིག་སོགས་ཀྱི་དབང་ཞུས། བཅུ་བཞི་པར་བསྡུས་གྲྭའི་དམ་བཅའ་བཞག བཅུ་དྲུག་པར་སྒོ་མང་གི་སྐབས་དང་པོའི་སྐྱོར་དཔོན་གནང། བཅུ་བདུན་པར་རྒྱུད་པ་གྲྭ་ཚང་དུ་ཞུགས། གསང་ཆེན་ལམ་གྱི་རིམ་པར་གསན་སྦྱོང་མཛད། བཅུ་དགུ་པར་ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་སོགས་ལས་བསྙེན་པར་རྫོགས། གླིང་བསྲེས་དཀའ་བཅུ་པའི་མཚན་བཏགས་བཞེས། ཉེར་གསུམ་པར་རི་བོ་རྩེར་ལྔ་ཕེབས་ཏེ་བསྙེན་བཀུར་མཛད། ཉེར་དྲུག་པ་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་ཕྱི་ལོ་ ༡༨༨༣ ལོར་སྐུ་འབུམ་རྒྱུད་པའི་མཁན་ཁྲིར་བཞུགས། ཉེར་བདུན་པར་སངས་རྒྱས་སྟོང་སྐུའི་གྱན་ཐང་བཞེངས། རྒྱུད་པའི་འདུ་ཁང་གི་ཁྱམས་རའི་སྟེང་ཤོད་དུ་སྦྱོར་འཇགས་མཛད། རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ་ཕྱི་ལོ་ ༡༨༨༤ ལོར་སྐུ་འབུམ་དགོན་པའི་གདན་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་དོ་དམ་གནང་། ཁྲི་ཟུར་རྗེས་ཁལ་ཁ་སེ་ཆེན་ཧན་ཝང་ཧོའུ་ཤོ་སོགས་ཧོར་ཡུལ་གང་སར་ཕེབས། སོ་ཐར་གྱི་སྡོམ་པ་དང་དབང་ལུང་རྗེས་གསུམ་སོགས་སྩལ། པེ་ཅིན་གྱི་ཙན་དན་ཇོ་བོ་སོགས་དང་། རི་བོ་རྩེ་ལྔའི་རྟེན་གནས་ལ་ཕྱག་མཆོད་སྨོན་འདུན་ཞུས། དབུས་གཙང་སོགས་སུ་རྟེན་མཇལ་མཛད། འདས་ལོ་མི་གསལ། སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་རབས་རེ་བཞི་པ་དང་། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་རེ་དགུ་པ་ཡིན།