79721

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:24, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྡོ་རྗེ་གླིང་པའམ་རྒྱལ་སྲས་སེངྒེ་ཤེས་རབ་ (1)
Part of speech མིང་ཚིག
Definition ཁོང་ནི། དབོན་སྟག་གི་སྲས་སུ་མཆེད་གཉིས་ཀྱི་དང་པོར་རབ་བྱུང་བཞི་པའི་ས་ཁྱི་ ༡༢༣༨ ལོར་འཁྲུངས། ལྷུམས་སུ་ཞུགས་དུས་ཡུམ་གྱི་མནལ་ལམ་དུ། སངས་རྒྱས་དབོན། འོད་ལྔའི་གུར་ཁྱིམ་དུ་བཞུགས་པའི་སྐུ་ལས། འོད་དཀར་པོ་ཞིག་ལུས་ལ་ཐིམ་པར་རྨིས་པས། སངས་རྒྱས་དབོན་གྱི་སྤྲུལ་པར་གྲགས། དགུང་ལོ་དྲུག་ནས་ཏིང་ངེ་འཛིན་རང་འཁྲུངས། བཅུ་གཅིག་པ་ལ་ཆོས་རྗེ་གཞོན་ནུ་ལས་རབ་ཏུ་བྱུང་སྟེ། མཚན་སེངྒེ་ཤེས་རབ་ཏུ་གསོལ། ལ་ཡག་གངས་ཕུག་ཏུ་དབང་བསྐུར་ཞུས་པས། དྲིལ་བུའི་སྒྲ་ལ་བརྟེན་ནས་རྟོགས་པ་ཤར། བཅོ་བརྒྱད་པ་ལ་རྩ་རླུང་གི་ཁྲིད་བསྐྱངས་པས། བདེ་དྲོད་བསམ་གྱིས་མི་ཁྱབ་པ་སྐྱེས། ཞབས་ལ་རྨ་བྱུང་དུས་ཁྲག་མེད་པར་འོ་མ་འཛག ཉི་ཤུ་ལ་མཁན་པོ་བཀྲ་ཤིས་རིན་ཆེན་གྱི་མདུན་ནས། བསྙེན་པར་རྫོགས། ཉེར་གཅིག་པ་ལ། གྲུབ་ཆེན་ཨོ་རྒྱན་པས་གསོལ་བ་བཏབ་ནས། རྒོད་ཚང་པའི་གདན་ས། བར་འབྲོག་རྡོ་རྗེ་གླིང་དུ་ཕེབས། ཕྱིས་ཕྲིན་ལས་ཤིན་ཏུ་ཆེ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་ཀྱང་གཏུགས། རྒྱལ་སྲས་རྡོར་གླིང་པའམ་བྱང་གླིང་པར་གྲགས། རྒོད་ཚང་དུ་ལོ་གསུམ་གྱི་བཅད་རྒྱར་བཞུགས་སྐབས་སུ། ལྷོངས་ལྟ་བུར་ཟླ་བ་གཅིག་སྙུང་མཛེས་ཟིན་ཀྱང་། ཟློག་སྒོམ་མཛད་པས་དྭངས། བླ་མ་ལ་མོས་གུས་དང༌། ཐུགས་དམ་འཕེལ་ནས། རླུང་གི་ཡོན་ཏན་དུ་མ་སྐྱེས། དེར་རྒྱ་རས་ཀྱི་ཞལ་གཟིགས་པས། ར་ལུང་གི་སྐུ་འབག་ཁམས་གསུམ་ཟིལ་གནོན་འདྲ་བར་འདུག་གསུང༌། རྡོ་བ་ལ་ཕྱག་ཞབས་ཀྱི་རྗེས་དང༌། མཁའ་འགྲོས་འཚོ་བ་འདྲེན་པ་དང༌། གཞི་བདག་གིས་རི་དྭགས་འོ་མའི་ཞོ་དངོས་སུ་མཆོད། སློབ་མའི་སྣང་ངོར། རྗེ་ཉིད་འཁོར་ལོ་སྡོམ་པ། ཕྱག་ན་རྡོ་རྗེ། གསེར་གྱི་རྡོ་རྗེ་ཁྲུ་གང་པ་སོགས་སུ་བསྟན། རྩིག་པ་དང་རི་ལ་མི་ཐོགས་པ། གཏོར་མ་ལ་དུད་རླངས་འཐུལ་བ། སྐུའི་གཏུམ་མོའི་དྲོད་ཀྱིས་མར་གཞོང་ཞུ་སྟེ་ཁྱིམ་མར་ཁུས་ཁེངས་པ། ཐོག་བབས་སར་ཕྱག་སྡིགས་མཛུབ་གདེངས་ནས། ཡུན་རིང་པོར་བར་སྣང་དུ་ལུས་པ། སྔ་དྲོ་ཞིག་སྐྱོ་བསངས་ལ་བྱོན་ཚེ་མི་མང་གི་ལམ་འགགས་པར། ཕྱག་གཡོག་ལ་ཁྱོད་རང་སྔོན་ལ་སོང་དང་ངེད་རྗེས་ལ་ཡོང་ཞེས་གསུངས་ཀྱང་། ཁྲི་སྟེང་དུ་ཕེབས་ཚར་བ་དང༌། ཡང་སྐུ་མི་སྣང་བར་མཛད་པ་དང༌། ཤངས་དཀར་བརྟན་རིར། སྐུ་མཚམས་ལ་བཞུགས་སྐབས། ཉིན་གཅིག་གྲྭ་པ་ཀུན་རི་ལ་བཀྱེ། རྗེ་ཉིད་ཀྱང་ཁམས་གསེང་ལ་ཕེབས་ཤུལ་དུ། གཟིམས་ཁང་ལྟག་ན་རྫ་རི་ཆེན་པོ་ཞིག་ཡོད་པ་ཉིལ་བ་སོགས་མངོན་ཤེས་དང༌། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་མངའ། འདིས་ར་ལུང་གི་གདན་ས་མ་མཛད་ཀྱང་ཞབས་ཏོག་རྒྱ་ཆེར་བསྒྲུབས་ཤིང་གདམས་ངག་རྣམས་ལ་སྐུ་དྲིན་ཆེ་བར་མཛད། དགུང་གྲངས་ཞེ་གསུམ་ལྕགས་འབྲུག་ ༡༢༨༠ ལོའི་བོད་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ལ་གཤེགས། ཞལ་སློབ་ཀྱང་ཡོན་བཙུན་གྲགས་པ་སེངྒེ། བླ་མ་ལྕགས་རྡོ་བ་སོགས་མང་ངོ༌། །༼ཀུན་མཁྱེན་ཆོས་འབྱུང་ལས་ཞེ་གཅིག་པ་ལ་གཤེགས་འཁོད་པ་ནི་ཡིག་ནོར་དུ་ཤེས་དགོས་ཏེ། འཁྲུངས་ལོ་ས་ཁྱི་ཡིན་ཚེ་ལྕགས་འབྲུག་ལ་ཞེ་གསུམ་ལས་ཞེ་གཅིག་ཡོང་ཐབས་མེད་དོ། །༽