81139

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:30, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྣལ་འབྱོར་མངོན་སུམ་ (1)
Part of speech མིང་ཚིག
Definition མངོན་སུམ་ལ་བཞིར་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད། ཡང་དག་པའི་དོན་བསྒོམས་པའི་སྟོབས་ལས་བྱུང་བའི་འཕགས་པའི་ཤེས་པ་རྟོག་བྲལ་མ་འཁྲུལ་བ། དབྱེ་ན། ཉན་ཐོས་རང་རྒྱལ་ཐེག་ཆེན་གྱི་རྣལ་འབྱོར་མངོན་སུམ་དང་གསུམ། དཔེ་རིམ་བཞིན། ཉན་ཐོས་ཀྱི་མཐོང་ལམ་དང༌། རང་རྒྱལ་གྱི་མཐོང་ལམ། ཐེག་ཆེན་གྱི་མཐོང་ལམ་ལྟ་བུའོ། །ཞེས་གསུངས།
Domain ཚད་མ།

{{#arraymap:རྣལ་འབྱོར་མངོན་སུམ་

|; |@@@ | | }}

རྣལ་འབྱོར་མངོན་སུམ་ (2)
Part of speech མིང་ཚིག
Definition མངོན་སུམ་གྱི་ནང་ཚན་ཏེ་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ལ་བརྟེན་ནས་རང་ཡུལ་བདེན་པ་ཕྲ་རགས་ཅི་རིགས་མངོན་སུམ་དུ་རྟོགས་པའི་འཕགས་རྒྱུད་ཀྱི་མཁྱེན་པ།
Example མི་རྟག་པར་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ལྟ་བུའོ། །

{{#arraymap:རྣལ་འབྱོར་མངོན་སུམ་

|; |@@@ | | }}

རྣལ་འབྱོར་མངོན་སུམ་ (3)
Part of speech མིང་ཚིག
Definition རྣལ་འབྱོར་མངོན་སུམ་མཚན་ཉིད་ནི། བསྒོམས་པ་ལས་བྱུང་བ་མ་འཁྲུལ་བའི་ཤེས་རབ་བོ། །དེ་ཉིད་ཚད་མའང་ཡིན་ནོ། །དབྱེ་བ་ལ། རྟེན་གྱིས་དབྱེ་ན། འཕགས་པ་གསུམ་གྱི་མངོན་སུམ་གསུམ། སློབ་དང་མི་སློབ་པའི་སྒོ་ནས་དབྱེ་ན། ཉན་ཐོས་རྒྱུན་དུ་ཞུགས་པ་ལ་སོགས་པ་སློབ་པའི་མངོན་སུམ་དང་། ཤེས་རབ་དང་གཉིས་ཀའི་ཆ་ལས་རྣམ་གྲོལ་ཏེ་མི་སློབ་པའི་མངོན་སུམ་སྟེ་གཉིས་སོ། །རང་སངས་རྒྱས་བསམ་གཏན་བཞི་པ་ལ་བརྟེན་ནས་ལམ་ཐམས་ཅད་ཅིག་ཅར་བགྲོད་པས་སློབ་པའི་མངོན་སུམ་མེད་ལ་གྲུབ་མཐའི་བྱེ་བྲག་འགའ་ཞིག་སློབ་པའི་འཕགས་པ་འདོད་པ་དེ་དག་གིའང་ཉན་ཐོས་དང་ཐེག་ཆེན་གྱི་འཕགས་པ་གང་རུང་ལས་མི་འདའོ། །མི་སློབ་པ་ལ་དབང་པོ་རྣོ་རྟུལ་གཉིས་སོ། །ཐེག་པ་ཆེན་པོའི་སློབ་པ་ས་བཅུའི་ཡེ་ཤེས་ཡིན་ལ། མི་སློབ་པ་སངས་རྒྱས་ཀྱི་མངོན་སུམ་ཡིན་པས་ལྔར་འགྱུར་རོ། །གཉིས་པ་ངོ་བོའི་སྒོ་ནས་དབྱེ་ན། སྣང་བཅས་ལ་ཉན་ཐོས་ཀྱི་སློབ་པ་ནི། བསམ་གཏན་གྱི་སེམས་ཐོབ་ན་མངོན་པར་ཤེས་པ་འཆར་ལ་མ་ཐོབ་ན་མི་འཆར་ཞིང་མི་སློབ་པ་ལའང་ཤེས་རབ་ཀྱི་ཆ་ལས་རྣམ་པར་གྲོལ་བ་ལ་མངོན་པར་ཤེས་པ་ལྔ་མེད་ལ་གཉིས་ཀའི་ཆ་ལས་རྣམ་གྲོལ་དང་། རང་སངས་རྒྱས་དང་སངས་རྒྱས་ཀྱིས་རིམ་པ་བཞིན་སྟོང་གཉིས་གསུམ་དང་གྲངས་མེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་མཐོང་སྟེ། མཛོད་ལས། སློབ་མ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་དེར་མ་གསུངས་མོད་ཀྱི། འཇིག་རྟེན་གྱི་ཁམས་བརྒྱ་དང་སྟོང་དང་འབུམ་ལ་སོགས་པ་མདོ་སྡེ་ས་བཅུ་པ་ནས་ཇི་ལྟར་འབྱུང་བ་ལྟར་ཤེས་པར་བྱའོ། །སྣང་མེད་ཀྱི་ཡེ་ཤེས་ཀྱིས་ནི་ཉན་ཐོས་ཀྱི་སློབ་པས་ཀུན་བརྟགས་ཀྱི་བདག་མེད་རྟོགས་ལ། མི་སློབ་པས་ལྷན་སྐྱེས་ཀྱི་གང་ཟག་གི་བདག་མེད་རྟོགས་ཤིང་། རང་སངས་རྒྱས་ཀྱིས་ཆོས་ཀྱི་བདག་གཟུང་བ་རང་བཞིན་མེད་པ་སྟེ་ཕྱེད་དང་གཉིས་རྟོགས་ལ། བྱང་ཆུབ་སེམས་དཔས་བདག་མེད་གཉི་ག་རྟོགས་ཤིང་། སངས་རྒྱས་ཀྱིས་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་སྤངས་པའི་ཚུལ་གྱིས་རྟོགས་སོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་ནི། རང་རྒྱུ་ཞི་གནས་བསྒོམས་པ་ལས་བྱུང་བའི་ལྷག་མཐོང་གི་ཡེ་ཤེས་མ་འཁྲུལ་བའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་སྡེ་བདུན་རོལ་མཚོ་ལས་སོ། ། རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡང་དག་པའི་དོན་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཡང་དག་པའི་དོན་ལ་མ་འཁྲུལ་བའི་རིག་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །

{{#arraymap:རྣལ་འབྱོར་མངོན་སུམ་

|; |@@@ | | }}

རྣལ་འབྱོར་མངོན་སུམ་ (4)
Part of speech མིང་ཚིག
Definition རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་བའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ཞིག་ལ་བརྟེན་ནས་སྐྱེས་པའི་འཕགས་རྒྱུད་ཀྱི་ཡིད་ཀྱི་མངོན་སུམ་དུ་གྱུར་བའི་གཞན་རིག་གི་མཁྱེན་པ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་གྱུར་བའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལས་སྐྱེས་པ་གང་ཞིག རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་འཕགས་རྒྱུད་ཀྱི་གཞན་རིག་མཁྱེན་པ་དེ། རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་གྱུར་བའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལས་སྐྱེས་པ་གང་ཞིག རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་འཕགས་རྒྱུད་ཀྱི་གཞན་རིག་གི་མཁྱེན་པ་རྣལ་འབྱོར་མངོན་སུམ་གྱི་ཚད་མའི་མཚན་ཉིད། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། རྣལ་འབྱོར་མངོན་སུམ་དུ་གྱུར་བའི་མཐོང་ལམ། སྒོམ་ལམ། མི་སློབ་ལམ་དང་གསུམ་ཡོད། རྟེན་གྱི་སྒོ་ནས་དབྱེ་ན། ཉན་ཐོས་འཕགས་པའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ། རང་རྒྱལ་འཕགས་པའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ། བྱང་སེམས་འཕགས་པའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ། དེ་ལས་གཞན་པའི་འཕགས་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་དང་ལྔ་ཡོད། ཡང་དེ་ལ་དབྱེ་ན་རྣལ་འབྱོར་མངོན་སུམ་དུ་གྱུར་བའི་ཚད་མ་དང་དཔྱད་ཤེས་གཉིས་ཡོད་ཅིང། རྣལ་འབྱོར་མངོན་སུམ་དུ་གྱུར་པའི་སྣང་ལ་མ་ངེས་པའི་བློ་ནི་མེད་དེ། རྣལ་འབྱོར་མངོན་སུམ་ཡིན་ན་རང་གི་གཞལ་བྱ་ངེས་པས་ཁྱབ་པའི་ཕྱིར། ཞེས་གསུངས།

{{#arraymap:རྣལ་འབྱོར་མངོན་སུམ་

|; |@@@ | | }}