81177

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:30, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྣལ་འབྱོར་རྒྱུད་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག རྣལ་འབྱོར་རྒྱུད་ནི་བསམ་པ་གཞན་ཕན་བྱང་ཆུབ་ཀྱི་སེམས། སྤྱོད་པ་ཕར་ཕྱིན་བཅུ་དང་བསྡུ་བའི་དངོས་པོ་བཞི། ལྟ་བ་བདག་མེད་གཉིས། སྒོམ་པ་རྣམ་པར་མི་རྟོག་པ་སྟེ། མདོ་ལས་ཇི་སྐད་བཤད་པའི་ལམ་རྣམས་ཀྱི་སྟེང་དུ། དབང་གི་སྐབས། ཆུ་ཅོད་པན། རྡོ་རྗེ་དྲིལ་བུ། མིང་བརྟུལ་ཞུགས། རྡོ་རྗེ་སློབ་དཔོན་གྱི་དབང་། རྗེས་གནས་སོགས་མཐའ་རྟེན་རྣམས་དང་བཅས་པ་ཡོད་ཅིང་། མདུན་བསྐྱེད་ཀྱི་ལྷ་སྤྱན་དྲངས། མཆོད་པ་ཕུལ། དམ་ཚིག་གི་ཕྱག་རྒྱས་བཏབ། སྔགས་བཟླས་པས་ཐུགས་རྒྱུད་བསྐུལ་བའི་བསྙེན་པ་དང་། ལས་ཚོགས་སྣ་ཚོགས་པ་དང་། ཐུན་མོང་གི་དངོས་གྲུབ་མང་དུ་སྒྲུབ་པའི་ཐབས་རྒྱ་ཆེར་བསྟན། ཉམས་ལེན་གྱི་སྐབས་བདག་བསྐྱེད་དཀྱིལ་འཁོར་གྱི་འཁོར་ལོ་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་སྒོམ་པ་དང་། ཐུན་གྱི་མཐར་ཕྱག་བརྒྱ་བཀྲོལ་ནས། བདག་བསྐྱེད་ཀྱི་ལྷ་གཤེགས་སུ་གསོལ་བ་དང་། འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་པ་ལམ་བྱེད་མངོན་བྱང་ལྔ་སོགས་སྒོམ་པ་དང་། གྲོགས་པོ་ལྟ་བུའི་སྒོ་ནས་དངོས་གྲུབ་ལེན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཐབས་མདོ་དང་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་གྱི་ཁྱད་པར་མང་དུ་གསུངས། འདིའི་རང་ལམ་གྱི་ཚེ་ལོ་བརྒྱ་པའི་མིའི་སྐྱེ་བ་བཅུ་དྲུག་གི་ཡུན་ཚོད་ཙམ་ལ། དབང་པོ་རྣོ་ཤོས་ཀྱིས་ཕྱག་རྒྱ་ཆེན་པོ་འགྲུབ་པར་བཤད། དེའི་ཡུན་ཚད་ཉིས་འགྱུར་གྱིས་ས་བཅུ་པ་ལ་སྦྱོར་བ་ཡིན་ནོ། །ལས་ཚོགས་ཀྱི་སྐབས་འགའ་རེ་མ་གཏོགས། དཀའ་སྤྱད་དང་ཁྲུས་སོགས་ཀྱི་གཙང་སྦྲ་མི་དགོས། གཙང་རྨེ་མེད་པའི་སྤྱོད་པ་ཡང་མི་བྱེད་དོ། །རང་ལམ་གྱིས་ས་བཅུ་པ་ཐོབ་པ་ཡང་། བླ་མེད་ལ་ཞུགས་ནས་སངས་རྒྱས་ལ་སྦྱོར་བ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་རྒྱུད་

|; |@@@ | | }}

རྣལ་འབྱོར་རྒྱུད་ (2)
Part of speech མིང་ཚིག
Definition རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ནི། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པའམ་ཕྱི་རྒྱུད་སྡེ་གསུམ་གྱི་ཡ་གྱལ་ལས་གསུམ་པ་སྟེ། འདི་ལ་ཡོ་གའི་ཐེག་པ་ཞེས་ཀྱང་བྱ་ཞིང་། འདིའི་འཇུག་སྒོ་དང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུ་ནི། སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་རིག་འཛིན་འཇུག་ངོགས་ལས། རྣལ་འབྱོར་རྒྱུད་ཀྱི་འཇུག་སྒོ་རིག་དབང་ལྔ་དང་སློབ་དཔོན་གྱི་དབང་སྟེ། དྲུག་ཐོབ་པར་བྱས་ནས། ལྟ་བ་དོན་དམ་པར་ཆོས་ཐམས་ཅད་མཚན་མ་མེད་པར་རྟོགས་པའི་བྱིན་རླབས་ལས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་བལྟས་ནས། སྒོམ་པ་ནི་གལྤོ་ལས། མི་རྟོག་ཟླ་བ་གསུང་རྡོ་རྗེ། །སྤྲོ་བསྡུ་བསྒོམས་པས་ལྷ་རུ་གསལ། །ཞེས་པ་ལྟར། གཞི་སྟོང་པ་ཉིད། གདན་ཟླ་བ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་རྫོགས་ལ་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་ལྷར་བསྐྱེད་ལ། ཡང་དེ་ཉིད་ལས། ཏིང་འཛིན་བྱིན་བརླབས་དབང་བསྐུར་མཆོད། །ཅེས་པ་ལྟར། འཁོར་གྱི་ལྷ་བཀོད་པ་དང་། རང་རིགས་ཀྱིས་བྱིན་གྱིས་བརླབས་པ་དང་། རིགས་གང་ཡིན་གྱི་དབང་བསྐུར་བ་དང་། ཕྱག་མཆོད་བསྟོད་པ་བྱང་བ་སྟེ། ཆོ་འཕྲུལ་བཞི་དང་། ཐུགས་དམ་ཚིག གསུང་ཆོས་ཀྱི། སྐུ་ཕྱག་ཆེན། ཕྲིན་ལས་ལས་ཀྱི་ཕྱག་རྒྱ་སྟེ་བཞིས་རྒྱས་བཏབ་ནས་ཡེ་ཤེས་པ་དགུག་བསྟིམས་བྱས་ཏེ། དམ་ཡེ་དབྱེར་མེད་ཀྱི་ངང་ནས་བཟླས་པ་ཚུལ་བཞིན་དུ་བྱས་མཐར་ཡེ་ཤེས་པ་གཤེགས་པ་ལ་སོགས་པའི་སྒོ་ནས་སྒྲུབ་པ་མཚན་བཅས་དང་། ལྟ་བའི་ངང་ལ་འཇོག་པ་མཚན་མེད་ཀྱི་རྣལ་འབྱོར་གཉིས་སྒོམ་ཞིང་། སྤྱོད་པ་ཁྲུས་དང་གཙང་སྦྲ་སོགས་གྲོགས་ཙམ་དུ་བསྟེན་ནས། འབྲས་བུ་རིགས་ལྔ་སྟུག་པོ་བཀོད་པར་འཚང་རྒྱ་བར་འདོད་དོ། །ཞེས་གསུངས་སོ། །

{{#arraymap:རྣལ་འབྱོར་རྒྱུད་

|; |@@@ | | }}

རྣལ་འབྱོར་རྒྱུད་ (3)
Part of speech མིང་ཚིག
Definition ནང་ཐབས་ཤེས་ཀྱི་རྣལ་འབྱོར་སྒོམ་པ་གཙོ་བོར་གྱུར་པས་སམ། ཟབ་པ་དོན་དམ་པའི་བདེན་པ་དང་རྒྱ་ཆེ་བ་ཀུན་རྫོབ་ཀྱི་བདེན་པ་ཀུན་ཤེས་ཤིང་རིག་ནས་དེ་གཉིས་དབྱེར་མེད་དུ་སྦྱོར་བའི་ཏིང་ངེ་འཛིན་ལ་གཙོར་བྱེད་པས་རྣལ་འབྱོར་གྱི་རྒྱུད་ཅེས་བྱའོ། །

{{#arraymap:རྣལ་འབྱོར་རྒྱུད་

|; |@@@ | | }}