82964
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་མ་ཚུགས་པའི་མེ་འབྲུག་ཕྱི་ལོ་ ༡༠༡༦ ལོར་ལ་སྟོད་དུ་ཡབ་རྭ་སྟོན་དཀོན་མཆོག་དང་། ཡུམ་རྡོ་རྗེ་དཔལ་འཛོམས་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་ངོ་མཚར་འབྱུང་གནས་ཞེས་ཞུ། དགུང་ལོ་བརྒྱད་པར་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་ཀུན་ཐུགས་སུ་ཆུད། བཅུ་གཅིག་པར་ཇོ་མོ་དགེ་མ་ལྕམ་བྱ་བ་ཁབ་ཏུ་བཞེས། བཅུ་གཉིས་ནས་བཅུ་བཞི་བར་དུ་ཡང་དག་ལ་བསྙེན་པ་བསྐྱལ། བཅོ་ལྔ་པར་བལ་ཡུལ་དུ་སློབ་དཔོན་བྷ་རོ་དང་མཇལ། རྒྱུད་སྒྲུབ་ཐབས་ལས་ཚོགས་བཅས་རྫོགས་པར་གསན། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ལུང་ཁྲིད་གསུམ་ཐོབ་རྗེས་བོད་ཡུལ་དུ་བྱོན་ཏེ་སློབ་མ་བསྐྱངས། ལང་ལབ་བྱང་ཆུབ་རྡོ་རྗེ་དང་རྫུ་འཕྲུལ་འགྲན་པས་ཕམ་པའི་ཚུལ་གྱིས་བལ་ཡུལ་དུ་ཐེངས་གཉིས་པ་ཕེབས། སློབ་དཔོན་བྷ་རོ་ལས་བསད་བཟློག་སོགས་མན་ངག་མཐའ་ཡས་པ་གསན་རྗེས་བོད་དུ་ཕེབས། རྒྱ་གར་དུ་ཕེབས་ནས་སློབ་དཔོན་མན་ཛ་གླིང་པ་དང་མཇལ།ནཱ་ལེནྡྲའི་གཙོག་ལག་ཁང་དུ་བསྙེན་པར་རྫོགས། གདམས་ངག་མང་དུ་ཞུས། ཚད་མ་སྡེ་བདུན་དང་། བྱམས་ཆོས་ས་ལྔ། མངོན་པའི་གཟུང་ལུགས་བཅས་ལ་སྦྱངས། སློབ་དཔོན་ཤནྟི་པ་ལས་འདུལ་བ་ལུང་སྡེ་བཞི་དང་། རིག་པའི་ཁུ་བྱུག་གཉིས་ལས་དབུ་མའི་སྐོར་བཅས་གསན།བོད་ཡུལ་དུ་བྱོན་ནས་ལང་ལབ་བྱང་ཆུབ་རྡོ་རྗེ་འཁོར་དང་བཅས་པ་བསྒྲལ་། སྔགས་ཀྱི་ནུས་པ་ཆེ་བའི་སྙན་གྲགས་ཐོབ། རེ་གཉིས་པར་རྒྱ་གར་དུ་ལན་གཉིས་པར་ཕེབས། སློབ་དཔོན་མརྫེ་གླིང་དང་མཇལ་ཏེ་བོད་དུ་གདན་དྲངས། དབུས་གཙང་ཀུན་དུ་ཆོས་འཁོར་རྒྱ་ཆེར་བསྐོར། འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་བསྐྱངསབ། རབ་བྱུང་གསུམ་པའི་ས་རྟ་ཕྱི་ལོ་ ༡༡༩༨ ལོར་སྐུ་གཤེགས། བརྒྱ་དང་བརྒྱད་ཅུར་བཟུགས་པར་རྭ་ཡེ་ཤེས་སེང་གེས་མཛད་པའི་རྭ་ལོའི་རྣམ་ཐར་ཀུན་ཁྱབ་སྙན་པའི་རྔ་སྒྲ་ལས་གསུངས། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་གཏམ་རྒྱུད་ཀྱི་རྟོག་པ་དང་། ལས་མཁན་ཏེའུ་ལོ་བ་ཆུ་བྱའི་རྟོག་པ། གཤིན་རྗེ་གཤེད་ནག་པོའི་ལས་ཐམས་ཅད་གྲུབ་པར་བྱེད་པའི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་འཇིགས་བྱེད་དངོས་གྲུབ་པའི་རྒྱུད་རྟོག་པ་བདུན་པ། འཕགས་པ་གནོད་གནས་དབང་པོ་ཇི་ལྟར་འབྱུང་བའི་རྟོག་པ། བསྟན་འགྱུར་ལས་དཀྱིལ་འཁོར་གྱི་ཆོ་ག དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས། རྡོ་རྗེ་འཇིགས་བྱེད་ཀྱི་ཚོགས་ཀྱི་འཁོར་ལོ། རྡོ་རྗེ་འཇིགས་བྱེད་ཞལ་གཅིག་པྱག་གཉིས་པའི་སྒྲུབ་ཐབས། རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་བཅས་བཞུགས། མཚན་གཞན། ངོ་མཚར་འབྱུང་གནས། |