83983
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ལམ་ཤེས་མཚོན་བྱེད་ཀྱི་ཆོས་དེ་དག་ལམ་ཤེས་མཚོན་བྱེད་དུ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། ལམ་ཤེས་སྐྱེ་བའི་རྟེན་གྱི་ཡན་ལག་དེ། ལམ་ཤེས་མཚོན་བྱེད་དུ་བསྟན་པ་ལ་དགོས་པ་ཡོད་དེ། ལམ་ཤེས་ཐོབ་པར་བྱེད་པ་ལ་གེགས་མངོན་པའི་ང་རྒྱལ་མངོན་གྱུར་བ་དང་བྲལ་བ་སོགས་ཁྱད་ཆོས་ལྔ་དང་ལྡན་པ་གཅིག་དགོས་སོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། ཉན་རང་གི་ལམ་ཤེས་པའི་ལམ་ཤེས་གཉིས། དེ་མཚོན་བྱེད་དུ་བསྟན་པ་ལ་དགོས་པ་ཡོད་དེ། ལམ་ཤེས་རྫོགས་པར་ཉམས་སུ་ལེན་པ་ལ། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་དང༌། རང་རྒྱལ་གྱི་རིགས་ཅན་གཉིས་རྗེས་སུ་བཟུང་བའི་ཕྱིར་དུ་ཉན་ཐོས་ཀྱི་རྟོགས་རིགས་སུ་གྱུར་པའི་ཉན་ཐོས་ཀྱི་ལམ་དང། རང་རྒྱལ་གྱི་རྟོགས་རིགས་སུ་གྱུར་པའི་རང་རྒྱལ་གྱི་ལམ་ཉམས་སུ་ལེན་དགོས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཐེག་ཆེན་གྱི་མཐོང་སྒོམ་གྱི་ལམ་གཉིས་པོ་དེ། དེ་མཚོན་བྱེད་དུ་བསྟན་པ་ལ་དགོས་པ་ཡོད་དེ། ལམ་ཤེས་རྫོགས་པར་ཉམས་སུ་ལེན་པ་ལ་སྟོང་ཉིད་དང་པོར་མངོན་སུམ་དུ་གསར་དུ་རྟོགས་དགོས་ཤིང༌། དེ་རྗེས་དེ་འདྲ་བ་དེ་ཉིད་རྟོགས་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱེད་དགོས་སོ་ཞེས་ཤེས་པའི་དགོས་པ་ཡོད་པའི་ཕྱིེར། ཐེག་ཆེན་གྱི་སྒོམ་ལམ་གྱི་བྱེད་པ་དེ། དེ་མཚོན་བྱེད་དུ་བསྟན་པ་ལ་དགོས་པ་ཡོད་དེ། ཐེག་ཆེན་གྱི་སྒོམ་ལམ་སྒོམ་པ་ལ་སྤྲོ་བ་སྐྱེད་པའི་ཆེད་ཡིན་པའི་ཕྱིེར། མོས་པ་སྒོམ་ལམ་དེ། དེ་མཚོན་བྱེད་དུ་བསྟན་པ་ལ་དགོས་པ་ཡོད་དེ། ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཤེས་པའི་ལམ་ཤེས་རྫོགས་པར་སྒོམ་དགོས་སོ་ཞེས་ཤེས་པའི་ཆེད་དུ་ཡིན་པའི་ཕྱིར། བསྔོ་བ་སྒོམ་ལམ་དེ། དེ་མཚོན་བྱེད་དུ་བསྟན་པ་ལ་དགོས་པ་ཡོད་དེ། རང་གཞན་གྱི་དགེ་རྩ་རྫོགས་བྱང་དུ་བསྔོ་བར་བྱེད་པའི་བསྔོ་བས་ཟིན་པའི་སྒོ་ནས། ལམ་ཤེས་རྫོགས་པར་ཉམས་སུ་ལེན་དགོས་སོ་ཞེས་ཤེས་པའི་ཆེད་དུ་ཡིན་པའི་ཕྱིར། རྗེས་སུ་ཡི་རང་སྒོམ་ལམ་དེ། དེ་མཚོན་བྱེད་དུ་བསྟན་པ་ལ་དགོས་པ་ཡོད་དེ། རང་གཞན་གྱི་དགེ་རྩ་ལ་རྗེས་སུ་ཡི་རང་བསྒོམས་ནས། རང་གཞན་གྱི་དགེ་རྩ་གོང་འཕེལ་དུ་བྱས་ཏེ། ལམ་ཤེས་རྫོགས་པར་ཉམས་སུ་ལེན་དགོས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། སྒྲུབ་པ་སྒོམ་ལམ་དེ། དེ་མཚོན་བྱེད་དུ་བསྟན་པ་ལ་དགོས་པ་ཡོད་དེ། ལམ་ཤེས་རྫོགས་པར་ཐོབ་པར་བྱེད་པ་ལ། རྗེས་ཐོབ་ཏུ་ཆོས་ཐམས་ཅད་རྟེན་བྱུང་སྒྱུ་མ་ལྟ་བུར་མངོན་སུམ་དུ་རྟོགས་པའི་སྒོ་ནས། ལམ་ཤེས་རང་རྒྱུད་ལ་རྫོགས་པར་ཉམས་སུ་ལེན་དགོས་སོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། རྣམ་དག་སྒོམ་ལམ་དེ། དེ་མཚོན་བྱེད་དུ་བསྟན་པ་ལ་དགོས་པ་ཡོད་དེ། མཉམ་གཞག་ཏུ་ཆོས་ཐམས་ཅད་བདེན་སྟོང་མངོན་སུམ་དུ་རྟོགས་པའི་སྒོ་ནས། ལམ་ཤེས་རང་རྒྱུད་ལ་རྫོགས་པར་སྐྱེད་དགོས་སོ་ཞེས་ཤེས་པའི་དགོས་པ་ཡོད་པའི་ཕྱིར། |
| Domain | ཆོས་ལུགས། |