85785
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། གཟུགས་ཕུང་གིས་བསྡུས་པའི་སངས་རྒྱས་ཀྱི་ཡོན་ཏན་གང་ཞིག སངས་རྒྱས་ཀྱི་སྐུའི་ཆ་མཛེས་པར་བྱེད་པ་དེ། སངས་རྒྱས་ཀྱི་དཔེ་བྱད་ཀྱི་མཚན་ཉིད། དཔེ་བྱད་རྣམས་ནི་(མཚན་གྱི་)འཁོར་ཡིན་པས་རེ་རེ་ལ་རྒྱུ་དྲུག་དྲུག་གི་ངེས་པ་མེད་དོ། །སོར་མོ་དང་སེན་མོའི་དཔེ་བྱད་དྲུག་ཕྱག་སོར་རིང་བའི་འཁོར་ཡིན་པ་སོགས་རྒྱས་པར་གསུངས་སོ་ཞེས་པཎ་ཆེན་ཤཱཀ་མཆོག་ལྡན་གྱི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། དཔེ་བྱད་ལ་སྡེ་ཚན་གྱི་སྒོ་ནས་བཅུར་ཡོད་དེ། སོར་མོའི་དབང་དུ་བྱས་པ། སོར་མོའི། རྩའི། ཞབས་ཀྱི། གཤེགས་ཚུལ་གྱི། སྐུའི་དཀྱིལ་འཁོར་གྱི། ཕྱག་གི། ཞལ་འཁོར་དང་བཅས་པའི། དབུ་སྐྲ་དང་བཅས་པའི། དགེ་མཚན་གྱི་དབང་དུ་བྱས་པ་དང་བཅུ་ལས། དང་པོ་ལ། སངས་རྒྱས་ཀྱི་སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་སོགས་གསུམ། གཉིས་པ་ལ་སོར་མོ་ཟླུམ་པ་སོགས་གསུམ། གསུམ་པ་ལ་རྩ་མི་མངོན་པ་སོགས་གཉིས། བཞི་པ་ལ་ལོང་བུ་མི་མངོན་པ་སོགས་གཉིས། ལྔ་པ་ལ་སེངྒེའི་སྟབས་སུ་གཤེགས་པ་སོགས་བདུན། དྲུག་པ་ལ་སྐུའི་འཁྲིལ་བག་ཆགས་པ་ནས་སྐུ་ལ་སྨེ་བ་ནག་པའི་ཐིག་ལེ་ཆེ་བ་མེད་པའི་བར་རིགས་ཉེར་ལྔ། བདུན་པ་ལ་ཕྱག་ཤིང་བལ་ལྟར་འཇམ་པ་སོགས་བཞི། བརྒྱད་པ་ལ་ཞལ་མཆུ་དང་བཅས་པའི། ལྗགས་གསུངས་དང་བཅས་པའི། མཆེ་བའི། ཤངས་ཀྱི། སྤྱན་འཁོར་དང་བཅས་པའི། ཕྱག་དང་སྙན་གྱི། དཔྲལ་བའི་དབང་དུ་བྱས་པ་དང་བདུན་ལས། དང་པོ་ལ། ཞལ་ཧ་ཅང་མི་རིང་བ་སོགས་གཉིས། གཉིས་པ་ལ་ལྗགས་མཉེན་པ་སོགས་དྲུག གསུམ་པ་ལ་ཚེམས་ཀྱི་མཆེ་བ་བཞི་པོ་ཟླུམ་པོ་སོགས་ལྔ། བཞི་པ་ལ་ཤངས་མཐོ་བ་སོགས་གཉིས། ལྔ་པ་ལ་སྤྱན་ཡངས་པ་སོགས་བདུན། དྲུག་པ་ལ་ཕྱག་རིང་ཞིང་རྒྱས་པ་སོགས་གསུམ། བདུན་པ་ལ་དཔྲལ་བ་ལེགས་པར་འབྱེས་པ་སོགས་གཉིས། རྩ་བའི་དགུ་པ་ལ་དབུ་རྒྱས་པ་སོགས་བརྒྱད། བཅུ་པ་ལ་ཕྱག་ཞབས་ལ་དཔལ་གྱི་བེའུ་དང། བཀྲ་ཤིས་དང། གཡུང་དྲུང་འཁྱིལ་བས་བརྒྱན་པ་དང་གསུམ་པོ་དེ་ལྟར་ན་སངས་རྒྱས་ཀྱི་དཔེ་བྱད་ལ་བརྒྱད་ཅུར་ཡོད་དོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། ། |
| Domain | ཆོས་ལུགས། |