85838

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོའི་རྫོང་ལུགས་ (1)
Part of speech མིང་ཚིག
Definition འབྱུང་རྩིས་ཟླ་ཟེར་དུ་བག་མ་ལམ་འཇུག་གི་སྐབས་སུ་བསྟན་པའི་རྫོང་ལུགས་བཅུའི་ནང་གསེས་ཤིག་སྟེ། དེར་ཡང་གནམ་ལོར་བརྟེན་པའི་རྫོང་ལུགས་དང་། ལོག་མེན་ལོར་བརྟེན་པའི་རྫོང་ལུགས། ལོ་གྲངས་ལ་བརྟེན་པའི་རྫོང་ལུགས་བཅས་ཁག་གསུམ་ཡོད། དེ་ལས་དང་པོ་གནམ་ལོར་བརྟེན་པ་ལའང་སྤྱི་དང་བྱེ་བྲག་གཉིས་ཡོད་དེ། སྤྱིའི་རྫོངས་ལུགས་ནི་བག་མའི་ལོ་རྟགས་གང་ཡིན་ལ་བལྟ་མི་དགོས་པར་ལོ་ནག་མཆེ་བ་ཅན་བཞི་དང་། ལྕགས་བཞི་མེ་བརྒྱད་བཅས་བག་མ་གཏོང་ལེན་བྱེད་པར་ངན་པ་དག་གནམ་ལོར་ཤར་དུས་འཛེམ་དགོས། བྱེ་བྲག་གི་རྫོངས་ལུགས་ནི་བག་མ་སོ་སོའི་ལོ་རྟགས་གང་ཡིན་ལ་བལྟས་ནས་དེའི་རང་ཀེག་དང་། བདུན་ཟུར། བཞི་གཤེད། ལོ་དཀར་ཆེ་ཆུང་། མཐུན་གསུམ་སོགས་རྩུབ་རིགས་གནམ་ལོར་ཤར་དུ་གཏོང་ལེན་བྱས་ན་བག་མ་འཆི་བར་འགྱུར་བས་མ་ཁེལ་བ་བྱ་དགོས་པ་ཡིན། བོད་ཀྱི་འབྱུང་རྩིས་རྣམ་གཞག་ཏུ་མག་པ་དང་ཕ་མ་བཞིའི་ལོ་རྟགས་ཀྱི་དེ་དག་གནམ་ལོར་ཤར་དུས་ཀྱང་བག་མ་གཏོང་ལེན་བྱེད་པར་འཛེམ་དགོས་པར་གསུངས་འདུག་ཅིང་། དེ་མིན་གནམ་ལོའི་སྲོག་ཁམས་ཀྱིས་བག་ལོའི་སྲོག་ཁམས་བཅད་ན་རང་ཉིད་འཆི། ལུས་ཁམས་ཀྱིས་ལུས་ཁམས་བཅད་ན་གྱོས་སྒྱུག་གཉིས་ལ་ངན། དབང་ཁམས་ཀྱིས་དབང་ཁམས་བཅད་ན་ནོར་ལ་སྟོར་བརླག་འོང་། ཀླུང་ཁམས་ཀྱིས་ཀླུང་ཁམས་བཅད་ན་སྐུད་པོར་ངན། དེ་དག་དང་ཕྱིར་གཅོད་པ་བག་མའི་དེ་བཞི་གནམ་ལོའི་དེ་བཞིའི་དགྲར་འགྲོ་བ་གཉིས་བྱུར་ཐག་ཉི་ཤུར་གཏོགས་པས་རྫོང་བར་ངན་པ་ཡིན། གཉིས་པ་ལོག་མེན་ལོར་བརྟེན་པ་ནི་བག་མའི་ལོག་མེན་ལོ་ངན་ཀླུང་བཅུ་གཉིས་དང་། གནམ་སྒོ། ས་སྒོ། འཕུང་གྱོད། རུས་གཅོད། བྱེ་བྲལ་བཅས་ཀྱི་སྟེང་དུ་བབས་དུས་གནས་ལ་བརྫངས་ན་ངན་པས་སྤང་དགོས་ལ། འབྱོར་བའི་སྟེང་དུ་བབས་དུས་བཟང་བས་གཏོང་ལེན་བྱ་དགོས་པ་ཡིན། གསུམ་པ་ལོ་གྲངས་ལ་བརྟེན་པ་ལ་ཡང་སྤྱི་དང་བྱེ་བྲག་གཉིས་དེ། སྤྱིའི་རྫོངས་ལུགས་ནི་བག་མའི་ལོ་རྟགས་གང་ཡིན་ལ་བལྟ་མི་དགོས་པར་ལོ་གྲངས་ཀྱི་ཆ་ནས་རྫོངས་པར་ངན་པ་བག་མའི་ལོ་སྐྱོན་དག་ཡིན། བྱེ་བྲག་གི་རྫོངས་ལུགས་ནི་བག་མའི་ལོ་རྟགས་གང་ཡིན་ལ་ལྟོས་པའི་ལོ་གྲངས་ཀྱི་ཆ་ནས་འགྲོ་དུས་ངན་པ་སྟེ། བག་མ་བྱི་བ་ལོ་མ་མོ་ལོ་བཅོ་བརྒྱད་དང་ཉེར་བདུན་ཐོག་བརྫངས་ན་འཆི། བཅོ་ལྔའི་སྟེང་བརྫངས་ན་བུ་མི་འོང་། ཉེར་དྲུག་ཐོག་བརྫངས་ན་ཕ་མིང་འགྲོ་ས་བཅས་ལ་རྐྱེན་ངན་འོང་། གླང་ལོ་མ་མོ་ལོ་བཅུ་དྲུག་དང་བཅོ་བརྒྱད་ཐོག་བརྫངས་ན་འཆི། བཅུ་བཞིའི་ཐོག་བརྫངས་ན་བུ་མི་འོང་། སྟག་ལོ་མ་མོ་ལོ་བཅུ་བདུན་དང་རྩ་གཉིས་ཐོག་བརྫངས་ན་འཆི། བཅུ་གཅིག་ཐོག་བརྫངས་ན་བུ་མི་འོང་། སུམ་ཅུ་དང་། ཉེར་དྲུག སོ་དྲུག་བཅས་ཀྱི་ཐོག་བརྫངས་ན་གྱོས་སྒྱུག་རང་ལ་ངན་ཞིང་སྲིད་མི་བརྟན། ཡོས་ལོ་མ་མོ་ལོ་བཅུ་གཉིས་དང་བཅུ་དྲུག་ཐོག་བརྫངས་ན་འཆི། བཅུ་གསུམ་ཐོག་བརྫངས་ན་བུ་མི་འོང་། ཉེར་དགུ་དང་སུམ་ཅུའི་ཐོག་བརྫངས་ན་ཁྱོ་ཕོའམ་རང་ལ་ངན་ཞིང་སྲིད་ཀྱི་གཞི་མི་བརྟན། འབྲུག་ལོ་མ་མོ་ལོ་བཅུ་བདུན་དང་བཅུ་དགུའི་ཐོག་བརྫངས་ན་འཆི། བཅུ་གཅིག་ཐོག་བརྫངས་ན་བུ་མི་འོང་། ཉེར་གཉིས་དང་ཉེར་བརྒྱད་ཐོག་བརྫངས་ན་གྱོས་སྒྱུག་རང་ལ་ངན་ཞིང་སྲིད་ཀྱི་རྒྱུན་མི་བརྟན། སྦྲུལ་ལོ་མ་མོ་ལོ་བཅུ་གཉིས་དང་རྩ་བཞིའི་ཐོག་བརྫངས་ན་འཆི། ཉི་ཤུའི་ཐོག་བརྫངས་ན་མོ་གཤམ། ཉེར་བརྒྱད་ཐོག་བརྫངས་ན་སྐུད་པོ་དང་རང་ལ་ངན། རྟ་ལོ་མ་མོ་ལོ་བཅུ་བདུན་དང་རྩ་དགུའི་ཐོག་བརྫངས་ན་འཆི། བཅོ་ལྔའི་ཐོག་བརྫངས་ན་བུ་མི་འོང་། ཉེར་གཉིས་ཐོག་བརྫངས་ན་རང་ལ་ངན་ཞིང་བུ་མི་བརྟན། ལུག་ལོ་མ་མོ་ལོ་བཅུ་བཞི་དང་བཅུ་དྲུག་ཐོག་བརྫངས་ན་འཆི། བཅུ་གཉིས་ཐོག་བརྫངས་ན་བུ་མི་འོང་། ཉེར་གཉིས་དང་ཉེར་དྲུག སོ་དྲུག་བཅས་ཀྱི་ཐོག་བརྫངས་ན་ཡམས་སྐུད་དང་རང་ལ་ངན་ཞིང་བུ་མོ་དབུལ། སྤྲེལ་ལོ་མ་མོ་ལོ་བཅོ་ལྔ་དང་རྩ་གཅིག་ཐོག་བརྫངས་ན་འཆི། བཅུ་དྲུག་ཐོག་བརྫངས་ན་བུ་མི་འོང་། བཅུ་བཞི་དང་ཉེར་གཉིས། ཉེར་ལྔ་བཅས་ཀྱི་ཐོག་བརྫངས་ན་ཡམས་སྐུད་ངན་ཞིང་བུ་མོ་མི་འོང་། བྱ་ལོ་མ་མོ་ལོ་བཅུ་བཞི་དང་ཉེར་གཉིས་ཐོག་བརྫངས་ན་འཆི། བཅུ་བདུན་ཐོག་བརྫངས་ན་བུ་མི་འོང་། བཅུ་གཉིས་དང་བཅུ་གསུམ་ཐོག་བརྫངས་ན་ནད་དང་ཁྱིམ་སར་རྐྱེན་ངན་འབྱུང་། ཁྱི་ལོ་མ་མོ་ལོ་བཅུ་བདུན་དང་རྩ་གཅིག་ཐོག་བརྫངས་ན་འཆི། ཉི་ཤུའི་ཐོག་བརྫངས་ན་བུ་མི་འོང་། ཕག་ལོ་མ་མོ་ལོ་བཅུ་གསུམ་དང་རྩ་གསུམ་ཐོག་བརྫངས་ན་འཆི། བཅུ་དྲུག་ཐོག་བརྫངས་ན་བུ་དང་འབྲལ། བཅུ་བཞི་དང་སོ་གཉིས་ཐོག་བརྫངས་ན་ཡེ་འདྲོགས་དང་རྐྱེན་ངན་འོང་ཞིང་བག་མར་ངན། དེ་ལྟར་རང་ལོ་གང་ཡིན་ལ་རག་ལས་པའི་བག་མར་བརྫང་མི་རུང་བའི་ལོ་གྲངས་འཆད་པའི་རྗེས་ལ་འགྲོ་རུང་བའི་ལོ་གྲངས་བག་ལོ་ར་འབྲིང་ཐ་གསུམ་དུ་དྲིལ་ནས་བརྗོད་པར་བྱ་བ་ལ། བག་མ་ར་བཞིའི་ལོ་མ་དག་མོ་ལོ་བཅོ་བརྒྱད་ཐོབ་བརྫངས་ན་བཟང་། ཉེར་བདུན་ཐོག་བརྫངས་ན་འབྲིང་། འབྲིང་བོ་བཞིའི་ལོ་མ་དག་མོ་ལོ་ཉེར་ལྔའི་ཐོག་བརྫངས་ན་བཟང་། སོ་གཅིག་ཐོག་བརྫངས་ན་འབྲིང་། ཐ་ཆུང་བཞིའི་ལོ་མ་དག་མོ་ལོ་ཉེར་བཞིའི་ཐོག་བརྫངས་ན་བཟང་། བཅོ་ལྔའི་ཐོག་བརྫངས་ན་འབྲིང་བཅས་ཡིན། གོང་དུ་བཀོད་པའི་བག་མ་འཆི་ལོ་དག་དང་བུ་མེད་པའི་ལོ་དག་གི་བཅོས་ཐབས་ནི་བཻ་དཀར་ལས། བྱུར་འབུད་ལོ་གཏའ་གཟུག་པ་དང་། །དངོས་གྲུབ་བླངས་ལ་བཀྲ་ཤིས་གསོལ། །སྲོག་བསླུ་ཉེ་འདོན་སྭཙྪ་གདབ། །བུ་མོ་དྲི་མེད་ལུང་བསྟན་འདོན། །ངར་གླུད་ཕོ་གདོང་མོ་གདོང་དང་། །ཟན་རྡོག་ཆུང་སྐྱོགས་ལོ་ཡི་གྲངས། །བསགས་ལ་གླུད་བསྔོས་བྱིན་གྱིས་བརླབས། །གནམ་ལོའི་ཕྱོགས་བསྐྱལ་རང་ཁྱིམ་ལ། །དཀར་རྩི་གསོལ་ཞིང་བུར་ངན་བཅོས། །གཡུང་དྲུང་བ་དཀར་གྱེན་སེལ་དང་། །ཐེའུ་བྲང་དཀར་ལ་བུ་མང་པོ། །སྟོན་པའི་གཟུངས་འདོན་བསོད་ནམས་དག ། སྒོ་ང་ཁ་འབྱེད་འཁོར་ལོ་གདགས། །ཞེས་གསུངས་སོ། །
Domain རྩིས་རིག

{{#arraymap:ལོའི་རྫོང་ལུགས་

|; |@@@ | | }}