86181

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལྕང་སྐྱ་རོལ་པའི་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་མེ་ལོ་ཕྱི་ལོ་ ༡༧༡༧ ལོར་མདོ་སྨད་བྱང་ཕྱོགས་ཀྱི་ལང་གྲུ་སྡེ་བཞིའི་ཆར་གཏོགས་འབྲོག་གནས་བྲག་དཀར་ལུང་བར་ཡབ་ཆི་ཀྱཱ་ཚངས་པ་གུ་རུ་བསྟན་འཛིན་དང་། ཡུམ་བུ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་གྲགས་པ་བསོད་ནམས་ཞེས་གསོལ། དགུང་ལོ་བཞི་པ་ལྕགས་བྱི་ཕྱི་ལོ་ ༡༧༢༠ ལོར་ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོས་ལྕང་སྐྱ་སྐུ་ཕྲེང་གསུམ་པར་ངོས་བཟུང་། ཨ་རྩེ་ཆོས་རྗེ་བློ་བཟང་ཆོས་འཛིན་ལས་ཡི་གེའི་འབྲི་ཀློག་དང་། ཆོས་སྤྱོད་གསོལ་འདེབས་བཅས་སྦྱངས། བདུན་པར་རྗེ་བློ་བཟང་བསྟན་འཛིན་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་མནོས། བརྒྱད་པར་གོང་མ་ཡུང་ཊིང་གིས་གདན་འདྲེན་ཞུས་པ་ལྟར་པེ་ཅིན་དུ་བྱོན། ཟུང་གྲུ་དགོན་པའི་ཁྲིར་བཀོད། གོང་མས་བྱམས་བརྩེས་འགྲོ་བ་ཡོངས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་ཀུན་མཁྱེན་བླ་མ་ཞེས་པའི་མཚན་སྙན་དང་། གསེར་ཐམ་གསེར་ཡིག་བཅས་ཕུལ་ནས་བླ་མར་བཀུར། བཅུ་དགུ་པར་དབུས་སུ་ཕེབས་ཏེ་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་ཁྲིར་བཀོད། མེ་འབྲུག་ཕྱི་ལོ ༡༧༣༦ ལོར་པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་སློང་གི་སྡོམ་པ་མནོས། མཚན་ལ་ཡེ་ཤེས་བསྟན་པའི་སྒྲོན་མེ་ཞེས་སྩལ། ཉེར་ལྔ་པར་བསྟན་འགྱུར་སོག་ཡིག་ཏུ་བསྒྱུར་འགོ་ཚུགས། པེ་ཅིན་དུ་བོད་ལུགས་ཀྱི་དགོན་པ་མང་པོ་གསར་དུ་བཞེངས། ཞེ་གཅིག་པར་དབུས་སུ་ཕེབས་ཏེ། རྒྱལ་བ་འཇམ་དཔལ་རྒྱ་མཚོ་ངོས་བཟུང་། ཤིང་སྤྲེལ་ཕྱི་ལོ་ ༡༧༦༤ ལོ་དགོན་ལུང་གི་ཁྲི་པ་མཛད་ནས་ཚད་མ་རྣམ་འགྲེལ་གྱི་འཛིན་གྲྭ་བཙུགས། མེ་ཕག་ཕྱི་ལོ ༡༧༦༧ ལོར་རི་བོ་རྩེ་ལྔར་ཨེ་ཝཾ་དགའ་འཁྱིལ་ཞེས་པའི་སྒྲུབ་ཁང་བཏབ། ང་ལྔ་པ་མེ་ཡོས་ཕྱི་ལོ་ ༡༧༧༡ ལོར་བཀའ་འགྱུར་མན་ཇུའི་སྐད་ཡིག་ཏུ་བསྒྱུར་འགོ་བརྩམས། གསུང་རྩོམ་ནི་རྒྱལ་དབང་ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མ། གྲུབ་མཐའི་རྣམ་གཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། དག་ཡིག་མཁས་པའི་འབྱུང་གནས། བྱང་ཆུབ་ལམ་གྱི་སྒྲོན་མའི་ས་བཅད་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་བཤད་པ་ཐེག་ཆེན་འཇུག་སྒོ། གསང་འདུས་བསྙེན་ཡིག་དངོས་གྲུབ་བདུད་རྩིའི་བུམ་བཟང་སོགས་པོ་ཏི་དགུ་ཙམ་བཞུགས། བདུན་ཅུ་པ་རབ་བྱུང་བཅུ་གསུམ་པའི་མེ་རྟ་ཕྱི་ལོ་ ༡༧༨༦ ལོར་རི་བོ་རྩེ་ལྔར་སྐུ་གཤེགས། མཚན་གཞན། གྲགས་པ་བསོད་ནམས། ཡེ་ཤེས་བསྟན་པའི་སྒྲོན་མེ།