86678
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ལྟུང་བ་རང་གི་ངོ་བོ་དང་བྱེད་པ་དང་། ལྟུང་བ་སྐྱེ་སའི་གཞི། ཀུན་སློང་གི་བསམ་པ། མང་ཉུང་གི་ཚོགས་བཅས་ཀྱི་སྒོ་ནས་ལྕི་ཡང་སྣ་ཚོགས་སུ་འགྱུར་བའོ། །དེ་དག་རིམ་པ་བཞིན་དུ་གོ་དོན་ཞིབ་པར་སྟོན་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྟུང་བ་ལྕི་ཡང་དུ་འགྱུར་བའི་སྒོ་དེ་ལ། བསྡུ་བ་ལས། ངོ་བོ་ཉིད་དང་བྱེད་པ་དང་། །གཞི་དང་བསམ་དང་ཚོགས་པའོ། །ཞེས་འབྱུང་བ་ལྟར་ལྔ་ཡོད་དེ། ངོ་བོ་ཉིད་ཀྱི་སྒོ་ནས་དང་། བྱེད་པའི་སྒོ་ནས་དང་། གཞིའི་སྒོ་ནས་དང་། བསམ་པའི་སྒོ་ནས་དང་། ཚོགས་པའམ་གྲངས་ཀྱི་སྒོ་ནས་ལྕི་ཡང་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཕམ་པ་ལྕི། ལྷག་མ་འབྲིང་། ལྟུང་བྱེད་ཡང་བ་ཡིན་པའི་ཕྱིར། དེ་ཡང་ཆད་ལས་ལྕི་ཡང་གི་དབང་དུ་བྱས་ཀྱི། རྣམ་སྨིན་ལྕི་ཡང་མ་ཡིན་ཏེ། དགེ་སློང་མའི་འཆབ་པའི་ཕམ་པ་ལས་དགེ་འདུན་དབྱེན་བྱེད་ལྷག་མ་ལྕི་བ་དང་། གཅིག་པུར་ལམ་དུ་འགྲོ་བའི་ལྷག་མ་ལས་དུད་འགྲོ་གསོད་པའི་ལྟུང་བྱེད་ལྕི་བར་བྱེད་དགོས་པའི་ཕྱིར། དེ་ལྟར་བཤད་ཀྱི་སྔ་མ་སྤྱིར་བཏང་དང་། ཕྱི་མ་དམིགས་བསལ་དུ་བྱེད་པ་ནི་ལེགས་པར་མི་སེམས་སོ། །གཉིས་པ་ཡོད་དེ། མ་གུས་པས་བྱས་པ་ལྕི། ཉོན་མོངས་པ་མང་བས་བྱས་པ་འབྲིང་། མི་ཤེས་པ་དང་བག་མེད་པས་བྱས་པ་ཡང་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། མི་གསོད་པ་ལྕི། མི་མ་ཡིན་གསོད་པ་འབྲིང་། དུད་འགྲོ་གསོད་པ་ཡང་བ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། བསམ་པ་ཞེ་སྡང་ཆེ་འབྲིང་ཆུང་གསུམ་གྱིས་བྱས་པའི་ལྟུང་བ་གསུམ་ཡིན་པའི་ཕྱིར། ལྔ་པ་ཡོད་དེ། ལྟུང་བ་གཅིག་ནས་གཉིས་ཀྱི་བར་ཡང་། གསུམ་ནས་གྲངས་ཤེས་ཀྱི་བར་འབྲིང་། གྲངས་མེད་བྱས་པ་ལྕི་བ་ཡིན་པའི་ཕྱིར། ཡང་མི་མཁས་པས་ནི་སྡིག་པ་ཆུང་ངུ་བྱས་ཀྱང་འོག་ཏུ་འགྲོ། །མཁས་པས་ཆེན་པོ་བྱས་ཀྱང་གནོད་པ་རབ་ཏུ་སྤོང་བར་འགྱུར། །ལྕགས་ཀྱི་གོང་བུ་ཆུང་ཡང་ཆུ་ཡི་གཏིང་དུ་བྱིང་འགྱུར་ལ། །དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་སྟེང་དུ་འཕྱོ་བར་འགྱུར། །ཞེས་རྟེན་གྱི་སྒོ་ནས་ལྕི་ཡང་ཀྱང་གསུངས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |