93015
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། སེམས་དེ་ལ་བཅུ་གཉིས་ཡོད་དེ། འདོད་པའི་སས་བསྡུས་ཀྱི་དགེ་སེམས། མི་དགེ་བའི་སེམས། སྒྲིབ་ལུང་མ་བསྟན་གྱི་སེམས། མ་སྒྲིབ་ལུང་མ་བསྟན་གྱི་སེམས་ཏེ་བཞི། ཁམས་གོང་མ་གཉིས་ན་མི་དགེ་བའི་སེམས་མེད་པས་དེ་གཉིས་མ་གཏོགས་པའི་གསུམ་གསུམ། སློབ་པའི་ཟག་མེད་ཀྱི་སེམས། མི་སློབ་པའི་ཟག་མེད་ཀྱི་སེམས་རྣམས་སུ་ཡོད་པའི་ཕྱིར། འདིར་སེམས་ཞེས་པ་གཙོ་བོར་སྨོས་པ་ཡིན་གྱི་སེམས་སེམས་བྱུང་ཐམས་ཅད་བཅུ་གཉིས་པོ་འདིར་འདུས་པ་ཡིན་ནོ། འདོད་སེམས་དགེ་བ་ལས་སེམས་དགུ ། དེ་ནི་བརྒྱད་པོ་ཁོ་ན་ལས། །མི་དགེ་བ་ནི་བཅུ་དག་ལས། །དེ་ལས་བཞི་ཏེ་སྒྲིབ་དེ་བཞིན། །མ་སྒྲིབ་པ་ནི་ལྔ་དག་ལས། །དེ་ལས་འཇུག་ཐོགས་སེམས་བདུན་ནོ། །གཟུགས་ན་དགེ་ལས་བཅུ་གཅིག་གོ ། དེ་ནི་དགུ་ཡི་མཇུག་ཐོགས་སུ། །སྒྲིབ་པ་བརྒྱད་ལས་དེ་ལས་དྲུག ། མ་སྒྲིབ་པ་ནི་གསུམ་ལས་སོ། །དེ་ལས་དྲུག་སྟེ་གཟུགས་མེད་པའང་། །དེ་ཡི་ཚུལ་ལོ་དགེ་བ་ལས། །སེམས་དགུ་དག་གོ་དེ་དྲུག་གོ ། སྒྲིབ་པ་ལས་བདུན་དེ་དེ་བཞིན། །སློབ་པ་བཞི་ལས་དེ་ལས་ལྔ། །མི་སློབ་པ་ནི་ལྔ་ལས་སོ། །དེ་ལས་སེམས་ནི་བཞི་དག་གོ ། ཞེས་གསུངས། འདིའི་དོན་བཤད་པ་ལ། གནས་སྐབས་ཕྱེ་ནས་བཤད་པ་དང་། རྐྱེན་དང་རྐྱེན་ཅན་སྦྱར་ཚུལ་གཉིས། དང་པོ་ནི་གནས་སྐབས་བརྒྱད་ཀྱི་སྒོ་ནས་ཤེས་པར་བྱ་སྟེ། རྒྱུན་གྱི་ཚེ། ས་མཚུངས་ཀྱི་ཚེ། ཉིང་མཚམས་སྦྱོར་བའི་ཚེ། སྙོམས་པར་འཇུག་པའི་ཚེ། སྙོམས་འཇུག་ལས་ལྡང་བའི་ཚེ། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ། སྤྲུལ་པ་ལ་འཇུག་པའི་ཚེ། སྤྲུལ་པ་ལ་ལྡང་བའི་ཚེ་རྣམས་སུ་བཅུ་གཉིས་པོ་དེས་དེ་མ་ཐག་རྐྱེན་བྱེད་པའི་ཕྱིར་ཏེ། དང་པོ་བཅུ་གཉིས་པོ་དེས་དེ་མ་ཐག་རྐྱེན་བྱེད་པའི་ཚེ་རང་གི་རིགས་འདྲ་སྔ་མ་ལས་རང་གི་རིགས་འདྲ་ཕྱི་མ་འབྱུང་བའི་ཕྱིར། གཉིས་པ་གྲུབ་སྟེ། བཅུ་གཉིས་པོ་རང་དང་རིགས་མི་གཅིག་ཀྱང་ས་མཚུངས་པའི་སེམས་ཕྱི་མའི་དེ་མ་ཐག་རྐྱེན་བྱེད་པའི་ཕྱིར། གསུམ་པ་གྲུབ་སྟེ། ཉོན་མོངས་ཅན་གྱི་སེམས་ཀྱིས་འཆི་སེམས་བྱས་ནས་རྣམ་ཤེས་གཞན་སྐྱེ་བ་ཡོད་པའི་ཕྱིར། འོན་ཀྱང་ཉོན་མོངས་ཅན་གྱི་སེམས་ཀྱིས་འཆི་སེམས་བྱས་ནས་རང་ས་དང་འོག་སར་སྐྱེ་བ་ཡོད་ཀྱང་གོང་སར་སྐྱེ་བ་མེད། དགེ་སེམས་དང་མ་སྒྲིབ་ལུང་མ་བསྟན་གྱི་སེམས་ཀྱིས་འཆི་སེམས་བྱས་ནས་རང་ས་གོང་ས་འོག་ས་ཐམས་ཅད་སྐྱེ་བ་ཡོད་དོ། བཞི་པ་གྲུབ་སྟེ། འོག་སའི་དགེ་སེམས་ཀྱིས་གོང་སའི་དགེ་སེམས་ཀྱི་དེ་མ་ཐག་རྐྱེན་བྱེད་པ་ཡོད་པའི་ཕྱིར་ཏེ། འདོད་པའི་དགེ་སེམས་ཀྱིས་གཟུགས་ཀྱི་དགེ་སེམས་དང་ཟག་མེད་ཀྱི་དགེ་སེམས་ཀྱི་དེ་མ་ཐག་རྐྱེན་བྱེད་པ་ཡོད། གཟུགས་ཀྱི་དགེ་སེམས་ཀྱིས་གཟུགས་མེད་ཀྱི་དགེ་སེམས་དང་ཟག་མེད་ཀྱི་སེམས་ཀྱི་དེ་མ་ཐག་རྐྱེན་བྱེད་པ་ཡོད་པའི་ཕྱིར། འདོད་སེམས་ཀྱིས་གཟུགས་མེད་ཀྱི་སེམས་ཀྱི་དེ་མ་ཐག་རྐྱེན་བྱེད་པ་མེད་དེ། དེ་གཉིས་རྟེན་དམིགས་པ་རྣམ་པ་གཉེན་པོ་སྟེ་རིང་བ་རྣམ་པ་བཞིས་རིང་བའི་ཕྱིར། ལྔ་པ་གྲུབ་སྟེ། གོང་སའི་དགེ་སེམས་ཀྱིས་འོག་སའི་དགེ་སེམས་ཀྱི་དེ་མ་ཐག་རྐྱེན་བྱེད་པ་ཡོད་པའི་ཕྱིར་ཏེ། ཟག་མེད་ཀྱི་སེམས་ཀྱིས་གཟུགས་མེད་ཀྱི་སེམས་ཀྱི་དེ་མ་ཐག་རྐྱེན་བྱེད་པ་ཡོད། དེ་དང་གཟུགས་མེད་ཀྱི་སེམས་ཀྱིས་གཟུགས་ཀྱི་དགེ་སེམས་ཀྱི་དེ་མ་ཐག་རྐྱེན་དང་། དེ་དང་གཟུགས་ཀྱི་དགེ་སེམས་ཀྱིས་འདོད་པའི་དགེ་སེམས་ཀྱི་དེ་མ་ཐག་རྐྱེན་བྱེད་པ་ཡོད་པའི་ཕྱིར། དྲུག་པ་གྲུབ་སྟེ། གོང་སའི་སྒྲིབ་ལུང་མ་བསྟན་གྱི་སེམས་ཀྱིས་གོང་སའི་དགེ་སེམས་ཀྱི་དེ་མ་ཐག་རྐྱེན་བྱེད་པ་ཡོད་པའི་ཕྱིར། བདུན་པ་གྲུབ་སྟེ། གཟུགས་ཀྱི་དགེ་སེམས་ཀྱིས་འདོད་པའི་སྤྲུལ་སེམས་ཀྱི་དེ་མ་ཐག་རྐྱེན་བྱེད་པ་ཡོད་པའི་ཕྱིར། བརྒྱད་པ་གྲུབ་སྟེ། འདོད་པའི་སྤྲུལ་སེམས་ཀྱིས་གཟུགས་ཀྱི་དགེ་སེམས་ཀྱི་དེ་མ་ཐག་རྐྱེན་བྱེད་པ་ཡོད་པའི་ཕྱིར། གཉིས་པ་རྐྱེན་དང་རྐྱེན་ཅན་སྦྱར་ཚུལ་ཡོད་དེ། འདོད་པའི་དགེ་སེམས་ཀྱིས་དེ་མ་ཐག་རྐྱེན་བྱས་པ་ལས་སེམས་དགུ་བྱུང་། འདོད་པའི་དགེ་སེམས་དེ་ཉིད་སེམས་བརྒྱད་ལས་བྱུང་འདོད་པའི་མི་དགེ་བའི་སེམས་དེ་རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་སེམས་བཅུ་ལས་བྱུང་། དེས་དེ་མ་ཐག་རྐྱེན་བྱས་པ་ལས་སེམས་བཞི་བྱུང་། འདོད་པའི་སྒྲིབ་བཅས་ལུང་མ་བསྟན་གྱི་སེམས་ནི་སེམས་བཅུ་ལས་བྱུང་། ཁོ་རང་ལས་སེམས་བཞི་བྱུང་། འདོད་པའི་མ་སྒྲིབ་ལུང་མ་བསྟན་གྱི་སེམས་ནི་སེམས་ལྔ་ལས་བྱུང་། དེ་བཞིན་དུ་ཕྱི་མ་རྣམས་ལ་སྦྱར་ཏེ་ཤེས་པར་བྱ་དགོས་པའི་ཕྱིར། སེམས་བཅུ་གཉིས་པོ་དེ་དག་ལ་དབྱེ་ན་ཉི་ཤུ་ཡོད་དེ། ཁམས་གསུམ་གྱི་དགེ་སེམས་ལ་སྐྱེས་ཐོབ་ཀྱི་སེམས་དང་། སྦྱོར་བྱུང་གི་སེམས་གཉིས་གཉིས་སུ་ཕྱེ་བའི་དྲུག འདོད་པ་ན་རྣམ་སྨིན་གྱི་རྒྱུ་ལས་སྐྱེས་ཀྱི་སེམས། འགྲོ་འདུག་ལ་སོགས་པའི་སྤྱོད་ལམ་ལས་བྱུང་བའི་སྤྱོད་ལམ་པ་དང་། བཟོའི་གནས་དག་ལས་བྱུང་བའི་བཟོའི་གནས་པ་དང་། སྤྲུལ་པའི་ཕྱིར་སེམས་པའི་སྤྲུལ་སེམས་ཏེ་འདོད་པའི་མ་སྒྲིབ་ལ་ལུང་དུ་བསྟན་པ་མ་ཡིན་པའི་སེམས་བཞི། གཟུགས་ཁམས་ཀྱི་གཞལ་མེད་ཁང་དང་གོས་དང་རྒྱན་ལ་སོགས་པ་རྣམས་ལས་བྱུང་བ་དང་། སྤྲུལ་པ་ལས་བྱུང་བ་ཡིན་གྱི་བཟོ་མཁན་གྱིས་བཟོས་པ་ཅུང་ཟད་ཀྱང་མེད་པས་བཟོའི་གནས་པའི་སེམས་མ་གཏོགས་པ་གཞན་གསུམ་ཡོད། གཟུགས་མེད་ན་རྣམ་སྨིན་སྐྱེས་ཀྱི་སེམས་ལས་གཞན་པའི་ལུང་མ་བསྟན་གྱི་སེམས་གཞན་མེད་པས་རྣམ་སྨིན་སྐྱེས་ཀྱི་སེམས་གཅིག་པུ་ཡོད་པའི་ཕྱིར། དེས་ན་འདོད་པ་ན་བརྒྱད། གཟུགས་ན་དྲུག གཟུགས་མེད་ན་བཞི། ཟག་མེད་གཉིས་ཏེ་ཉི་ཤུའོ། །ཡང་ན་དགེ་སེམས་བརྒྱད། ཉོན་མོངས་ཅན་གྱི་སེམས་བཞི། མ་སྒྲིབ་ལུང་མ་བསྟན་གྱི་སེམས་བརྒྱད་དེ་ཉི་ཤུ་ཡོད་པ་ཡིན་ནོ། སེམས་བཅུ་གཉིས་པོ་དང་། ཉི་ཤུ་པོ་གཉིས་ནི་བཅུ་གཉིས་པོ་རྒྱ་ཆེ་སྟེ། བཅུ་གཉིས་པོར་མ་བསྡུས་པའི་སེམས་སེམས་བྱུང་མེད། ཉི་ཤུ་པོར་མ་འདུས་པའི་མ་སྒྲིབ་ལུང་མ་བསྟན་གྱི་སེམས་ཡོད་པའི་ཕྱིར། འོ་ན་ཁམས་གསུམ་གྱི་ཉོན་མོངས་ཅན་གྱི་སེམས་གང་མངོན་དུ་གྱུར་པ་ན་སེམས་དུ་རྙེད་ཅེ་ན། དེའི་ལན་སྟོན་པ་ལ། ཁམས་གསུམ་པ་ཡི་ཉོན་མོངས་ཅན། །དྲུག་དང་དྲུག་དང་གཉིས་རྙེད་དོ། །གཟུགས་སྐྱེས་དགེ་ལ་གསུམ་དག་གོ ། སློབ་པ་ལ་བཞི་ལྷག་ལ་དེ། །ཞེས་གསུངས། དེ་ཡང་རང་འགྲེལ་ལས། སྐྱེ་དང་སྙོམས་པར་འཇུག་པ་དང་། །འདོད་ཆགས་བྲལ་དང་ཡོངས་ཉམས་དང་། །དགེ་བ་ཉིང་མཚམས་སྦྱོར་བའི་ཚེ། །སེམས་དེ་ལྡན་པ་མིན་ལས་རྙེད། །ཅེས་གསུངས་པ་ལྟར་ཚེ་ལྔའི་སྒོ་ནས་ཤེས་པར་བྱ་སྟེ། ཁམས་གོང་མ་ནས་འོག་མར་སྐྱེ་བའི་ཚེ། ཟག་བཅས་ཟག་མེད་ལ་སྙོམས་པར་འཇུག་པའི་ཚེ། ས་དང་ས་ལས་འདོད་ཆགས་དང་བྲལ་བའི་ཚེ། དེ་དག་ལས་ཡོངས་སུ་ཉམས་པའི་ཚེ། སླར་དགེ་བ་ཉིང་མཚམས་སྦྱོར་བའི་ཚེ་སྟེ་ལྔའོ། །ལྔ་པོ་དེའི་ཚེ་ཁམས་གསུམ་གྱི་སེམས་དེ་དང་དེ་དག་སྔར་ལྡན་པ་མ་ཡིན་པ་ལས་དུ་གསར་དུ་རྙེད་གཞག་ཏུ་ཡོད་དེ། ཁམས་གསུམ་གྱི་ཉོན་མོངས་ཅན་གྱི་སེམས་གསུམ་ལས་འདོད་པའི་ཉོན་མོངས་ཅན་གྱི་སེམས་མངོན་དུ་གྱུར་པའི་དྲུག གཟུགས་ཀྱི་དེས་ཀྱང་དྲུག གཟུགས་མེད་ཀྱི་དེས་གཉིས། གཟུགས་ཀྱི་དངོས་གཞིར་སྐྱེས་པའི་དེ་ཉིད་ཀྱི་གསུམ། སློབ་པའི་སེམས་ཀྱི་བཞི་རྙེད་པའི་ཕྱིར། |
Domain | ཆོས་ལུགས། |
{{#arraymap:སེམས་བཅུ་གཉིས་དང་ཉི་ཤུ་
|; |@@@ | | }}