94869
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། སངས་རྒྱས་དཀོན་མཆོག ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་བཅས་ཡིན། སངས་རྒྱས་དཀོན་མཆོག འདུས་མ་བྱས་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པའི་སྐྱབས་གནས་མཐར་ཐུག་ཏུ་དམིགས་པ། དེ་ལ་དབྱེ་ན། རང་དོན་གྱི་སྐུ་དང། གཞན་དོན་གྱི་སྐུ་གཉིས་སུ་ཡོད། གཉིས་པ་དེ་ལ་ལོངས་སྤྱོད་རྫོགས་སྐུ་དང། མཆོག་གི་སྤྲུལ་སྐུ་སྟེ་སྐུ་གཉིས་སུ་ཡོད། ས་མཚམས་ནི། སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་དོ། །ཆོས་དཀོན་མཆོག བསམ་དུ་མེད་པ་ལ་སོགས་པའི་ཡོན་ཏན་བརྒྱད་གང་རུང་དང་ལྡན་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པར་དམིགས་པ། དེ་ལ་དབྱེ་ན། འགོག་བདེན་དང། ལམ་བདེན་གཉིས་སུ་ཡོད། ས་མཚམས། མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། དགེ་འདུན་དཀོན་མཆོག རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་པར་དམིགས་པ། དེ་ལ་དབྱེ་ན། ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་དང། ཐེག་དམན་གྱི་དགེ་འདུན་དཀོན་མཆོག་གཉིས། དང་པོ་ནི། ཐེག་ཆེན་འཕགས་པ་མཐའ་དག་ལ་བྱེད། གཉིས་པ་ནི། ཐེག་དམན་འཕགས་པ་མཐའ་དག་ལ་བྱེད། ས་མཚམས་ནི། མཐོང་ལམ་ཐོབ་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། སྐྱབས་གསུམ་བསྟན་པའི་དགོས་པ། གསུང་རབ་ལས་དཀོན་མཆོག་གསུམ་སྐྱབས་གནས་སུ་བསྟན་པ་ལ་དགོས་པ་ཡོད་དེ། གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་སངས་རྒྱས་དཀོན་མཆོག་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་རྗེས་སུ་བཟུང་བའི་ཆེད་ཡིན་པའི་ཕྱིར། ཆོས་དཀོན་མཆོག་སྐྱབས་གནས་སུ་བསྟན་པ་ལ་དགོས་པ་ཡོད་དེ། གདུལ་བྱ་རང་རྒྱལ་གྱི་རིགས་ཅན་དེ་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། དགེ་འདུན་དཀོན་མཆོག་དེར་བསྟན་པ་ལ་དགོས་པ་ཡོད་དེ། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་དགེ་འདུན་དཀོན་མཆོག་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་དཔོན་གྱི། །ཐེག་པ་གསུམ་དང་བྱེད་གསུམ་ལ། མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས། སྐྱབས་སུ་འགྲོ་ཚུལ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ལ། སྐྱབས་འགྲོ་ཕལ་པ་དང། གཙོ་བོ་གཉིས་ལས། དང་པོ་ནི། མདོ་སྡེ་རྒྱལ་མཚན་དམ་པ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཞེས་སོགས་གསུངས་པ་ལྟར། མེ་ཆུ་སོགས་འཇིགས་པ་གང་ཡང་རུང་བ་ལས་སྐྱབས་པའི་ཕྱིར་དུ་སྐྱབས་གནས་ཕལ་པ་གཞན་དཔུང་གཉེན་དུ་འཛིན་པ་དེ་ཡིན་ནོ། གཉིས་པ་དེ་ལ། སྐྱེས་བུ་ཆུང་ངུའི། སྐྱེས་བུ་འབྲིང་གི སྐྱེས་བུ་ཆེན་པོའི་སྐྱབས་འགྲོ་གསུམ་ལས། དང་པོ་ནི། མངོན་མཐོའི་གོ་འཕང་ཙམ་དོན་དུ་གཉེར་ཞིང་ངན་སོང་གསུམ་གྱི་འཇིགས་པ་ལས་སྐྱབས་པའི་ཕྱིར་དུ་དཀོན་མཆོག་གསུམ་དཔུང་གཉེན་དུ་འཛིན་པ་ལྟ་བུའོ། །གཉིས་པ་ནི། ཐར་པའི་གོ་འཕང་ཙམ་དོན་དུ་གཉེར་ཞིང་འཁོར་བའི་འཇིགས་པ་ལས་སྐྱབས་པའི་ཕྱིར་དུ་དཀོན་མཆོག་གསུམ་དཔུང་གཉེན་དུ་འཛིན་པ་ལྟ་བུའོ། །གསུམ་པ་ནི། ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་ཞིང་ཤེས་སྒྲིབ་ཀྱི་འཇིགས་པ་ལས་སྐྱབས་པའི་ཕྱིར་དུ་དཀོན་མཆོག་གསུམ་དཔུང་གཉེན་དུ་འཛིན་པ་ལྟ་བུ་ལ་དབྱེ། སྐྱབས་འགྲོའི་བསླབ་བྱ། སྤྱིའི་བསླབ་བྱ་དང། སོ་སོའི་བསླབ་བྱའོ། །དང་པོ་ནི། དཀོན་མཆོག་ལ་སྐྱབས་སུ་སོང་ནས་སྐྱེས་བུ་དམ་པ་ལ་བརྟེན་པ། དེ་ལས་ཆོས་ཉན་པ། དེའི་བཀའ་བཞིན་དུ་སྒྲུབ་པ། དཀོན་མཆོག་གསུམ་ལ་ཅི་བཟའ་ཅི་འཐུང་གི་ཕུད་ནས་འབུལ་བ། མུ་སྟེགས་བྱེད་སོགས་གྲོགས་ངན་པ་དང་མི་འགྲོགས་པ་རྣམས་ལ་བསླབ་པར་བྱ་བ་ཡིན་ཏེ། གང་ཞིག་སངས་རྒྱས་སྐྱབས་སོང་བ། །ནམ་དུའང་ལྷ་ནི་གཞན་དག་ལ། །ཕྱག་ནི་འཚལ་བར་མི་བྱའོ། །དམ་པའི་ཆོས་ལ་སྐྱབས་སོང་བ། །གསོད་ཅིང་འཚེ་བའི་སེམས་དང་བྲལ། །དགེ་འདུན་ལ་ནི་སྐྱབས་སོང་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་གསུངས་པའི་ཕྱིར། འོ་ན་དཀོན་མཆོག་གསུམ་པོ་དེ་སྐྱབས་སུ་འགྲོ་བ་པོའི་རྒྱུའི་སྐྱབས་དང། འབྲས་བུའི་སྐྱབས་གང་ཡིན་ཞེ་ན། ཆོས་དཀོན་མཆོག་དེ་དེའི་འབྲས་སྐྱབས་དང། གཞན་གཉིས་དེའི་རྒྱུའི་སྐྱབས་ཡིན་ཏེ། སྐྱབས་སུ་འགྲོ་བའི་ཚེ་ཆོས་དཀོན་མཆོག་སྐྱབས་དངོས་དང། སངས་རྒྱས་དཀོན་མཆོག་ལམ་སྟོན་པ་པོ་དང། དགེ་འདུན་དཀོན་མཆོག་ལམ་སྒྲུབ་པའི་ཟླ་གྲོགས་སུ་བྱེད་དགོས་པའི་ཕྱིར། དཀོན་མཆོག་གསུམ་གྱི་སྒྲ་དོན། སངས་རྒྱས་ལ་སོགས་པ་དེ་དག་ལ་དཀོན་མཆོག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འཇིག་རྟེན་ན་དཀོན་པའི་མཆོག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་པའི་ཕྱིར། |
Domain | ཆོས་ལུགས། |
{{#arraymap:སྐྱབས་གསུམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཕྱི་ཡི་སྐྱབས་གནས་དཀོན་མཆོག་རྣམ་པ་གསུམ་དང་། ནང་གི་སྐྱབས་གནས་རྩ་བ་གསུམ། གསང་བའི་སྐྱབས་གནས་སྐུ་གསུམ་ངོ་བོ་ཉིད་དང་། ཡང་གསང་གི་སྐྱབས་གནས་རང་སེམས་རིག་པ་ཐིག་ལེ་ཉག་གཅིག་ཡིན་ནོ། །སྐྱབས་སུ་འགྲོ་ཚུལ། དེ་ཡང་འཁོར་བའི་སྡུག་བསྔལ་ལ་འཇིགས་ནས་དཀོན་མཆོག་ལ་སྐྱབས་གསོལ་བ་ནི་ཕྱི། འཁོར་བ་རང་བཞིན་མེད་པར་ཤེས་པ་ནང་། ཉོན་མོངས་པ་ཡེ་ཤེས་ཀྱི་ལམ་དུ་ཁྱེར་བ་གསང་བ། འཁོར་འདས་ཡེ་གྲོལ་སྒྱུ་མ་ལྟ་བུ་མཉམ་ཉིད་དུ་རྫོགས་པས་ཡང་གསང་། |
{{#arraymap:སྐྱབས་གསུམ་
|; |@@@ | | }}