95002

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱིད་སྦུག་གྲུབ་ཆེན་ཤེས་རབ་འབྲུག་རྒྱས་ (1)
Part of speech མིང་ཚིག
Definition གཉེན་ཡུལ་ཁྱུང་པོའི་རིགས་ལས་ཡབ་མགོན་པོ་ལེགས་པ་དང༌། ཡུམ་དགོས་འཛོམས་ཞེས་པའི་སྲས་སུ། རབ་བྱུང་བཅུ་པའི་ས་ཡོས་ ༡༥༧༩ ལོར་འཁྲུངས། མཚན་ཀུན་བཟང་བཀྲ་ཤིས་བཏགས། དགུང་ལོ་བརྒྱད་ཙམ་ལོན་པའི་དུས། ཆོམ་རྐུན་མི་བསྲུན་པ་ལྷགས་ནས། གཅེན་ལ་མཚོན་བསྣུན། ཉིད་ཀྱི་མགུལ་བསྡམས་ཏེ་གསོད་རྩིས་བྱས་ཀྱང་དྲན་མེད་དུ་བརྒྱལ་བ་ཙམ་ལས་སྐྱོན་མ་བྱུང་ཞིང༌། དེ་དུས་སྣང་བ་ལ་བཙུན་ཆུང་མང་པོས་མཐའ་བསྐོར། མི་དཀར་པོ་ཞིག་འོང་ནས་ཁྱོད་རང་མ་ཎི་བགྲོངས་ཟེར་བའི་ཉམས་སྣང་བྱུང༌། དེས་རྐྱེན་བྱས་འཁོར་བ་ལ་ཡིད་ངེས་པར་འབྱུང་བས་བསྐུལ་ཏེ་ཆོས་ལ་བྱོན། རྒྱལ་བ་དཔག་བསམ་དབང་པོའི་དྲུང་དུ་གཙུག་ཕུད་ཕུལ་བར། མཚན་ཤེས་རབ་འབྲུག་རྒྱས་སུ་བཏགས། རྗེ་ལྷ་རྩེ་བ་ངག་དབང་བཟང་པོའི་སྤྱན་སྔར་ཕྱག་རྒྱ་ཆེན་པོའི་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་གསན། རྩོལ་བ་ཆེར་མ་དགོས་པར། ཐུགས་དམ་རྟོགས་པ་ཁྱད་པར་ཅན་འཁྲུངས། སེམས་དཔའ་རིན་ཆེན་དཔལ་བཟང་ལས། དགེ་བསྙེན་གྱི་སྡོམ་པ་དང༌། དགེ་ཚུལ་གྱི་བསླབ་ཚིགས་ཞུས། རྗེ་ངག་དབང་བཟང་པོ་ལས་བསྙེན་པར་རྫོགས་ཏེ། རྗེ་མི་ཕམ་བློ་གྲོས་ལས་ཀྱང་ཕྱག་ཆེན། ཆོས་དྲུག་སོགས་འབྲུག་སྐོར་དང་གདམས་ངག་མང་དུ་གསན། ཀོང་པོ་ཤེལ་སྟོད་ཀྱི་སྒྲུབ་སྡེར། ལོ་གསུམ་སྒྲུབ་པར་བཞུགས། མཚན་ལམ་དུ་མི་འཁྲུགས་པ་དང༌། རྗེ་བཙུན་ནཱ་རོ་པ། གྲུབ་ཐོབ་གླིང་རས་པ་དང་མཇལ་བ་བྱུང༌། ཙ་རི་ཏྲ་དང༌། ལྷ་ས། འབྲུག ར་ལུང༌། གངས་ཏི་སེ། ལ་སྟོད། སྐྱིད་གྲོང་སོགས་ཀྱི་གནས་རྣམས་མཇལ་བར་ཕེབས། ལྷ་ལུང་ཤར་དུ་བཞུགས་སྐབས། བསེར་མས་ཅུང་ཞིག་རིང་བརྒྱལ་སོང་ཡང༌། དྲན་པ་ཡེངས་མེད་དུ་འདུག་པས། དེས་འཆི་བ་ལ་མི་འཇིགས་པའི་གདེང་ཚད་རྙེད་པ་བྱུང་གསུང༌། དཀའ་སྤྱད་ཡུན་རིང་མཛད་པས། སྐུའི་ཉམས་ཤིན་ཏུ་ཞན། ཐེངས་ཤིག་རྩེ་ཆེན་དུ་དཔལ་འབྲུག་པ་ཡབ་སྲས་ལ། ཕྱག་འབུལ་བར་བྱོན་པའི་ཚེ། བླ་མའི་ཞལ་ནས། འདི་ཟོ་མདོག་དང་ཐུགས་དམ་གཉིས་ཀ། མི་ལ་རས་པ་དང་མཉམ་པ་ཡོད་ཅེས་བསྔགས་པ་མཛད། རྒྱལ་རྩེའི་སྐྱིད་སྦུག་བྱང་ཆུབ་བསམ་གླིང་གི་སྒྲུབ་སྡེར་བཞུགས་ཤིང༌། ལོ་གསུམ་འདག་སྦྱར་དང༌། དབུ་མཛད་གནང་བས། སྐྱིད་སྦུག་དབུ་མཛད་དུ་གྲགས། དེར་སྒྲུབ་པའི་བཅའ་སྒྲིགས་ལེགས་པ་དང་དགེ་སྦྱོར་འཕེལ་བར་རྗེ་ལྷ་རྩེ་བས་གསན་ཏེ། ཐུགས་ཤིན་ཏུ་དགྱེས་ཤིང༌། དྲུང་དུ་མཇལ་བའི་ཚེ། མར་པའི་ཤོག་དྲིལ་བཞི་པ། སྙན་རྒྱུད་ཡུམ་བཀའ་རྒྱས་པའི་དབང་དང་དེའི་རྣམ་བཤད། རྗེ་ཉིད་ཀྱི་བཀའ་འབུམ་གྱི་ལུང་སོགས་བསྩལ། །ཞལ་ནས། ཁྱེད་རང་ཡང༌། སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དབུ་མཛད་སྔོན་པོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཟེར་བའི་དུས་ཤིག་འོང༌། དེ་དུས་བཤད་ཆོག་གསུང༌། དེ་ནས་སྐྱིད་སྦུག་སོགས། ཕྱོགས་གང་སར་གདུལ་བྱ་མཐའ་ཡས་པ་ལ། འབྲུག་སྐོར་གཙོ་བོར་གྱུར་པའི་སྨིན་གྲོལ་རྒྱུན་མི་ཆད་པར་སྤེལ་བས། སྒམ་སྨྱོན་གྲུབ་པའི་དབང་པོ། ཕྱག་རྡོར་ནོར་བུ་སོགས་ཞལ་སློབ་མང་དུ་བྱུང༌། མཐར་སྐྱིད་སྦུག་བྱང་ཆུབ་བསམ་གཏན་གླིང་ཉིད་དུ་ང་བརྒྱད་པ་མེ་བྱི་ ༡༦༣༦ ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་གཤེགས་སོ། །སྐུ་གདུང་ལ་ལྷ་སྐུ་རིང་བསྲེལ་སོགས་མང་དུ་བྱུང་ངོ༌། །

{{#arraymap:སྐྱིད་སྦུག་གྲུབ་ཆེན་ཤེས་རབ་འབྲུག་རྒྱས་

|; |@@@ | | }}