97148

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:27, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྔགས་འཆང་བསམ་གྲུབ་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཁོང་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་གྱི་མཛད་པ་པོ་སྟེ། སྤྱི་ལོ་ ༡༢༣༥-༡༣༡༦ བར་བྱོན་པའི་སྒྱུ་འཕྲུལ་གྱི་མཁས་པ་ཞིག་ཡིན། མཚན་གྱི་རྣམ་གྲངས་ལ་སྒྲོལ་མ་བ་བསམ་གྲུབ་རྡོ་རྗེ་དང་། འཇམ་དབྱངས་བསམ་གྲུབ་རྡོ་རྗེ་ཞེས་ཀྱང་གྲགས། འདིའི་ལོ་རྒྱུས་ནི། བདུད་འཇོམས་ཆོས་འབྱུང་དུ། རྟ་ནག་སྒྲོལ་མ་བ་བསམ་གྲུབ་རྡོ་རྗེ་ནི། སྔགས་རྙིང་མ་ལས་དངོས་གྲུབ་བརྙེས་པ་རིམ་ཅན་གྱི་སྲས་སུ་ཤིང་མོ་ལུག་གི་ལོར་རྟ་ནག་གནས་གསར་དུ་སྐུ་འཁྲུངས། ཟུར་བྱམས་པ་སེངྒེ་ལས་གསན་པ་རྒྱ་ཆེན་པོ་མཛད་ཅིང་། ཁྱད་པར་སྒྱུ་འཕྲུལ་ལ་མཆོག་ཏུ་མཁས། གླན་ཉ་ཚལ་པ་བསོད་ནམས་མགོན་པོ་ལས་སྒྱུ་འཕྲུལ་གྱི་དབང་ནོད། མཁྱེན་པ་དང་ཕྲིན་ལས་དཔག་པར་དཀའ་བ་ཡིན་ཏེ། དབེན་པ་འབའ་ཞིག་ཏུ་ཐུགས་གཏོད། བྱེ་མ་སེངྒེར་རྫོགས་པ་ཆེན་པོ་སྙིང་ཐིག་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད། རིག་པ་ཚད་ལ་ཕེབས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་དང་མཉམ་པ་ཉིད་དུ་སྤྱོད། ཡང་དབེན་པའི་ཟུར་ཤཱཀྱ་འབྱུང་གནས་དང་། འུག་པ་ལུང་པའི་བླ་མ་སེངྒེ་པ་གཉིས་ཆུང་ངུའི་དུས་ནས་སྐུ་དྲུང་དུ་བཞག་ནས་ལེགས་པར་བསྐྱངས་པའི་བླ་མའི་དམ་ཚིག་ལ་གཅིག་ཏུ་གུས་ཤིང་ཟུར་བརྒྱུད་ལ་བཀའ་དྲིན་ཆེ། ཤངས་པ་ཀུན་མཁྱེན་ཞེས་གྲགས་པ་གླན་གསལ་བ་དེའང་བྱིས་པའི་དུས་ནས་བླ་མ་འདིས་དབང་མང་པོ་བསྐུར་ཅིང་བྱིན་གྱིས་བརླབས་པས་མཁས་པ་ཆེན་པོར་གྱུར་པ་སོགས་བྱིན་རླབས་བསམ་གྱིས་མི་ཁྱབ། དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་མེ་ཕོ་འབྲུག་གི་ལོར་གཤེགས་ཁར་སྲས་ལ། ང་བདེ་བ་ཅན་དུ་འགྲོ། ཁྱོད་ཀྱིས་ཀྱང་ངའི་ལོ་དང་མཉམ་པ་ཐུབ། དེ་ནས་བདེ་བ་ཅན་དུ་ཤོག་གསུངས་ནས་གཤེགས་སོ། །ཞེས་གསལ།