99537

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 20:09, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྣང་ཞིག་དངུལ་སྐུ་དགོན་ (1)
Part of speech མིང་ཚིག
Definition མདོ་སྨད་རྔ་བ་ཁུལ་ཟུང་ཆུ་རྫོང་ནས་བྱང་ཕྱོགས་སུ་སྤྱི་ལེ་༡༥ཡས་མས་མཚམས་སུ་ཆགས་པའི་བོན་དགོན་ཞིག་ཡིན། དེ་ལ་རྣམ་རྒྱལ་ཀུན་གྲགས་གླིང་ཞེས་བྱ་སྟེ། མཚན་འདི་ཡང་དུས་ཕྱིས་སུ་བཏགས་པ་ཞིག་ཡིན་སྙམ་མོ། །རབ་བྱུང་གསུམ་པའི་ས་རྟ་ལོ་ཕྱི་ལོ་༡༡༩༩ལོར་སྣང་ཞིག་དོ་འཕགས་གདུང་ལས་མཆེད་པའི་སྣང་ཞིག་ཀུན་དགའ་རྒྱལ་མཚན་གྱིས་ཧ་སྨན་ཡར་ཅོག་སྟེང་དུ་གསར་བཏབ་གནང་ལ། ས་གནས་དེར་བླ་རབས་བཅོ་བརྒྱད་བར་གྱི་བླ་རབས་རྣམས་ནས་བསྟན་འགྲོར་གང་ཕན་གྱི་འཕྲིན་ལས་མཛད་གནང་པས། བླ་རབས་བཅོ་བརྒྱད་པ་ནས་ས་གནས་དེའི་གདུང་འཛིན་གྱི་རྒྱུན་ཆད་ཅིང་ཁྲི་འཛིན་བླ་མ་མེད་པར་བརྟེན་ནས། རྔ་བ་སྣང་ཞིག་ནམ་མཁའ་བློ་གྲོས་བླ་མ་རུ་གདན་འདྲེན་ཞུས་ནས། རབ་བྱུང་བཅོ་ལྔའི་མེ་སྟག་ཕྱི་ལོ་༡༩༢༦ལོར་དགོན་པའི་གནས་ནི་སྤོས་ཏེ། ཁྲི་སྨན་གྲོང་མཐའ་རུ་བཏབ་ཀྱང་། འབྱུང་འཁྲུག་རྐྱེན་པས་ཆག་འཇིག་བྱུང་ཡོད། ཡང་རྔ་བ་སྣང་ཞིག་ནས་སྔ་ཕྱི་སྣང་ཞིག་བསྟན་པའི་རྒྱལ་མཚན་དང། ཤེས་རབ་བསྟན་འཛིན་རྣམ་གཉིས་བླ་མ་རུ་གདན་འདྲེན་ཞུས་ཏེ། ཤེས་རབ་བསྟན་འཛིན་དང་། ཨ་ཏོ་ཚུལ་ཁྲིམས་བསྟན་པ་རྒྱལ་མཚན་རྣམ་གཉིས་དབུས་པས། དགོན་འདི་སྔོན་གྱི་གདན་ས་རུ་རབ་བྱུང་བཅོ་ལྔའི་ཤིང་རྟ་ཕྱི་ལོ་༡༩༥༤ལོར་བཏབ་པ་མ་ཟད། རབ་བྱུང་བཅོ་ལྔའི་མེ་སྦྲེལ་༡༩༥༦ལོར་དུས་འགྱུར་ཆེན་པོའི་རྐྱེན་གྱིས་གཏོར་ཞིག་ཏུ་ཕྱིན་ཡོད། དུས་ཕྱིས་སུ་བཅོས་བསྒྱུར་བྱུང་ནས་བློ་གྲོས་བསྟན་འཕེལ་མཆོག་ཕྱི་ལོ་༡༩༧༨ལོར་སྣང་ཞིག་ཁྲི་རབས་ཕེབས་ཏེ། སྲིད་གཞུང་གིས་ཆོག་མཆན་ཐོབ་པར་བརྟེན་ནས། སྣང་དགོན་འདི་ཨ་བཙན་བྱ་བའི་གྲོང་མཐའ་རུ་བདེ་ཐང་ཞེས་པའི་ས་གནས་དེར་ཕྱི་ལོ་༡༩༨༦ལོར་བཏབ་པ་ཡིན། ཁྲི་འཛིན་ནམ་བླ་རབས་ནི་ཉེར་བཞི་ཕྱིན་པས། དེ་དག་གི་སྐུ་རིང་ལ་སྒོམ་སྒྲུབ་སོགས་ཀྱི་སྲོལ་དར་ཞིང། འཆར་ཅན་ལྟར་ལོ་རེར་དུས་ཆེན་ཁག་དང་སྒྲུབ་ཆེན་སོགས་ཀྱི་ཆོས་ཀྱི་བྱེད་སྒོ་ནི་སྔ་འགྱུར་བོན་ལུགས་ལྟར་ད་ལྟ་བར་བྱས་མུས་ཡིན་ནོ། །