99687
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཉིས་པའི་མེ་སྟག་ཕྱི་ལོ་ ༡༧༤༦ ལོར་མདོ་སྨད་རོང་མཚོ་བཅུའི་མཚམས་རིགས་སུ་ཡབ་སྣུབས་མགོན་པོ་བཀྲ་ཤིས་དང་། ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་པར་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས། མདོ་བ་མཁན་ཆེན་ངག་དབང་དོན་གྲུབ་ལས་རབ་ཏུ་བྱུང་། བཅོ་བརྒྱད་པར་དབུས་ཀྱི་སེར་བྱེས་གྲྭ་ཚང་གི་ཆོས་གྲྭར་ཕེབས། ཁྲི་ཆེན་ངག་དབང་ཆོས་གྲགས་ལས་དགེ་ཚུལ་བསྒྲུབས། སྐེད་ཚང་བྱམས་པ་སྨོན་ལམ་དང་། མཁན་ཆེན་བསྐལ་བཟང་། སྒོམ་སྡེ་ལྷ་དབང་རྒྱ་མཚོ་སོགས་ལས་པོད་ལྔའི་གཞུང་ལ་ཐོས་བསམ་ནན་ཏན་མཛད། ཟུར་ཆོས་ཀྱི་སློབ་དཔོན་བློ་བཟང་འཇམ་དབྱངས་སོགས་བསྟེན། བསྡུས་ཆེན་བཅས་དཔེ་ཁྲིད་དང་། དོགས་གཅོད་མང་པོ་ཞུས། ཉེར་དགུ་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས། ཟབ་ཆོས་ཀྱང་མང་དུ་ཞུས། སོ་གཉིས་པར་ལྷ་རམས་པའི་དམ་བཅའ་བཞག རྒྱུད་སྨད་དུ་གསང་སྔགས་ཀྱི་གཞུང་དང། ཆོ་ག་ཕྱག་ལེན་བཅས་སྦྱངས། སོ་དྲུག་པར་རྒྱུད་སྨད་དགེ་བསྐོས་གནང། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ལས་ལམ་རིམ་ཆེན་མོ་དང་། འགྲེལ་བ་བཞི་སྦྲགས་སོགས་དང་། ཀློང་རྡོལ་བླ་མ་ལས་བཀའ་འགྱུར་གྱི་ལུང་གསན། གཞན་ཡང་རྒྱལ་སྲས་རིན་པོ་ཆེ་དང་། རྭ་སྒྲེང་ཁྲི་སྤྲུལ། ཞི་བ་ལྷ། འཇིགས་མེད་དབང་པོ་སོགས་བླ་མ་བཞི་བཅུར་ཉེ་བར་བསྟེན། བཞི་བཅུ་པར་རྒྱུད་པའི་བླ་མ་དབུ་མཛད་དུ་ཕེབས། ཞེ་བདུན་པར་རྒྱུད་སྨད་ཀྱི་མཁན་ཁྲིར་ཕེབས། ང་གཅིག་པར་མངའ་རིས་མཐོ་ལྡིང་གི་ཁྲི་དང་། ང་བརྒྱད་པར་བྱང་རྩེའི་ཁྲིར་ཕེབས། འཆད་ཉན་དང་། གཏོང་སྒོ་སོགས་ཐད་ནས་ཀྱང་སྔར་སྲོལ་རྒྱུན་འཛིན་མཛད། རེ་གཉིས་པ་རབ་བྱུང་བཅུ་བཞི་པའི་མེ་ཡོས་ཕྱི་ལོ་ ༡༨༠༧ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་བདུན་རིང་བསྐྱངས། རྟེན་གསུམ་མང་དུ་བཞེངས། དོན་དགུ་པ་རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་ཕྱི་ལོ་ ༡༨༢༤ ལོར་སྐུ་གཤེགས། དངོས་སློབ་ནི་རྒྱལ་བ་ལུང་རྟོགས་རྒྱ་མཚོ་དང་། རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ། པཎ་ཆེན་བསྟན་པའི་ཉི་མ། འཇམ་བཞད་འཇིགས་མེད་རྒྱ་མཚོ། ཧལ་ཧ་རྗེ་བཙུན་དམ་པ་བཅས་མང་དུ་བྱོན། དགའ་ལྡན་གསེར་ཁྲིའི་ཁྲི་རབས་རེ་དྲུག་པ་ཡིན། མཚན་གཞན། བྱ་ཁྱུང་ངག་དབང་སྙན་གྲགས། བྱང་རྩེ་ངག་དབང་སྙན་གྲགས། |