100415
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྡོར་གླིང་པའི་གཅུང་དུ་ངོ་མཚར་བའི་ལྟས་དང་བཅས་རབ་བྱུང་བཞི་པའི་ས་རྟ་ ༡༢༥༨ ལོར་འཁྲུངས། དགུང་ལོ་བཅུ་གཅིག་པ་ལ་ཉི་མ་སེང་གེ་ལས་རབ་ཏུ་བྱུང༌། ཆོས་རྗེ་སྐུ་མཆེད་ལས་གདམས་ངག་རྫོགས་པར་གསན། བཅུ་གསུམ་ལོན་པ་ནས་ཚོགས་པ་བསྐྱངས། སྤོས་སྐྱ་བཏབ་ནས་དེ་དང༌། སྒོ་མོ་གཏེར་ཁུང་སོགས་སུ་སྒྲུབ་པ་སྙིང་པོར་མཛད་ཀྱིན་བཞུགས་པས་སྤོས་སྐྱ་པ་ཞེས་གྲགས། དགུང་ལོ་བཅོ་ལྔ་པའི་དུས། རྡོ་རྗེ་གླིང་པ་ལས་ལྷན་ཅིག་སྐྱེས་སྦྱོར་གསན་པར། ཞག་ཉེར་གཅིག་ན་ཕྱག་རྒྱ་ཆེན་པོའི་རང་ཞལ་གཟིགས། རྗེས་གསོལ་དཀར་ལ་བརྟེན་པའི་དྲི་བ་གནང་བ་སེམས་དོན་དང་སྦྱར་ནས་ཞུས་པས་མཉེས། རྒྱལ་གྱི་རྩིབས་རིར་སྐུ་མཚམས་བཞུགས་སྐབས། ཤངས་ཁྲག་རྒྱུན་མ་ཆད་པར་རྡོལ་བས། རྨི་ལམ་དུ་མི་ནག་པོ་འཇིགས་སུ་རུང་བ། རལ་གྲི་ཀླད་ལ་སྐོར་བ། ཧཱུཾ་དང་ཕཊ་ཅེས་སྒྲོགས་པ་ཞིག་ན་རེ། ཧིག་གྱིས་དང་ཟེར། ཧིག་བྱས་པས། སྣ་ཁྲག་གོང་བུ་ཁུ་ཚུར་ཙམ་ནག་པོ་ཞིག་སྣ་ནས་རྒྱངས་ཀྱིས་བྱུང་བ་དང༌། མི་དེས་ལག་པ་གཡོན་པས་བཟུང་ནས། ཞལ་དུ་ཆིལ་གྱིས་ཟོས་ནས། ད་རེས་ཟློག་པ་ཡིན་གྱི། ད་རུང་གྲིབ་འཛེམས་ལ། སྒྲུབ་པ་སྙུགས་སུ་སྲིངས་ཤིག་ཟེར་བ་རྨིས། དེར་མནལ་སད་པ་དང་ཤངས་ཁྲག་ཆད། བསྙུན་ཡང་དྭངས་སོ། །སྤོས་སྐྱར་སྒྲུབ་པ་ལ་བཞུགས་སྐབས། རི་ཆེན་པོའི་སྟེང་དུ། རྡོ་རྗེ་གླིང་པ་ཧེ་རུ་ཀའི་ཆས་ཅན་མཇལ་བའི། སྐུ་རྒྱན་གནང་བ་བཞེས་ཏེ་གར་མཛད་པ་དང༌། དུང་དཀར་གནང་བ། འབུད་པའི་མཚན་ལྟས་གཟིགས། གཞོང་གང་དུ། སྐྱོ་བསངས་ལ་བྱོན་པ་གནའ་བའི་ཚོགས་ཀྱིས་བཏུད་ཅིང་ཆོས་འབྲེལ་གནང་བ་གུས་པས་ཉན། རྒྱལ་པོ་སྟག་རྡོ་རྗེས་ནན་ཞུས་ངོར། རིར་ཞལ་སློབ་འགྲོ་མགོན་བསོད་ནམས་རྒྱལ་མཚན། འཁོར་བཅས་རི་ཐེབས་སུ་བརྫངས། དེས་ཀྱང་ཞིང་སྐྱོང་ཁྱེའུ། ཁྲག་མདོག་ཤ་ཡི་རལ་པ་ཅན་དམ་ལ་བཞག་སྟེ། དབུ་རི་སྤང་མོ་སོགས་གནས་གཞི་བཟུང་བས། ཅིག་ཅར་དཔལ་གྱི་ནགས་ལྗོངས་ཞེས་འབྲུག་པའི་སྒྲུབ་གནས་གཙོ་བོར་གྱུར་པ་འདི་བྱུང་ངོ༌། གཞན་ཡང་གདན་ས་ར་ལུང་དང་། འབྲུག་དར་རྒྱས་དང༌། ཚལ་གུང་ཐང་དང་། སྣ་ཕུའི་ཞབས་ཏོག་ཀྱང་བླ་ན་མེད་པ་མཛད། སློབ་མའི་ཚོགས་ལ་ཁྲིད་གདམ་གྱིས་སྨིན་གྲོལ་མཛད་པ་བགྲང་གིས་མི་ལང་ཞིང༌། གཞན་སེམས་མཁྱེན་པས་སློབ་མའི་གེགས་བསལ་བ་ལ་ཐོགས་པ་མེད། ལས་ཅན་དག་གི་སྣང་ངོར། དབུ་ཡི་གཙུག་ནས་ཨ་མི་དེ་ཝའི་ཞལ་ནས་མ་ཎིའི་སྒྲ་སྒྲོགས་པ་དང༌། བདེ་མཆོག་ཡབ་ཡུམ་སོགས་སུ་མཐོང་བ་མང་དུ་བྱུང༌། ང་དྲུག་པ་ཆུ་གླང་ ༡༣༡༣ ལོའི། དབྱར་ཟླ་འབྲིང་པོའི་ཉེར་ལྔའི་ཐོ་རངས་ལ་དག་པའི་ཞིང་ཁམས་སུ་གཤེགས་སོ། །མགུར་དང་གསུང་སྒྲོས་པོ་ཏི་ལོངས་པ་ཙམ་བཞུགས་པར་གྲགས། འདི་ཡང་དབོན་རས་ཀྱི་སྤྲུལ་པར་གསུངས། གདུང་ལ་བྱོན་པའི་ཁ་སརྤ་ཎིའི་སྐུ་ཁྱད་འཕགས་བཅུ་གསུམ་གྱི་ནང་ཚན་ར་ལུང་ན་བཞུགས་སོ། །དེའི་སློབ་མ། སངས་རྒྱས་དགའ་བདེའམ་རྟོགས་ལྡན་ལོ་རོ་རས་པར་གྲགས་པ་དེས། རས་ཆུང་པའི་གདན་ས་རྣམས་བསྐྱངས། གཞན་ཅིག་ཅར་འགྲོ་མགོན་བསོད་ནམས་རྒྱལ་མཚན། བླ་མ་ཚེ་འཕེལ་སོགས་མང་ངོ༌། ། |
{{#arraymap:སྤོས་སྐྱ་པ་སེངྒེ་རིན་ཆེན་
|; |@@@ | | }}