102078
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདི་བའི་མཚན་གཞན་ལ་བློ་བཟང་སྦྱིན་པའང་ཟེར། ཁོང་ནི་རབ་བྱུང་བཅོ་ལྔ་བའི་ས་རྟ་ཕྱི་ལོ་༡༩༡༨ལོར་སོག་ཡུལ་ཀྱ་རོད་དུ་སྐུ་འཁྲུངས། དགུང་ལོ་ཉེར་གསུམ་པར་བླ་བྲང་བཀྲ་ཤིས་འཁྱིལ་དུས་འཁོར་གྲྭ་ཚང་དུ་ཞུགས། སྙན་སུམ་དང། རྩིས་དཀར་ནག། དཀྱིལ་འཁོར་སྣ་ཚོགས་ཀྱི་ཐིག་རྩ་དང་བློས་བསླངས་སོགས་ལ་ཞིབ་ཏུ་སྦྱངས་ནས་མཁས་གྲགས་རྒྱས། ཞེ་གཅིག་བཞེས་པ་ཕྱི་ལོ་༡༩༥༨ལོ་ནས་རྒྱས་འཛིན་བཟུང་བྱས་ཏེ། ལོ་༢༢རིང་བཙོན་དུ་སྐུ་ངལ་ཚད་མེད་མྱངས། ཕྱི་ལོ་༡༩༨༡ལོར་བཀྲ་ཤིས་འཁྱིལ་དུ་སླར་ཕེབས་ནས་དུས་འཁོར་གྲྭ་ཚང་གི་འདོན་ཆོག་གར་ཐིག་དབྱངས་གསུམ། ཐུན་མོང་རིག་གནས་ཀྱི་འཆད་ཉན་སོགས་རྨང་ནས་གསོས། སྔ་ཕྱིར་བླ་བྲང་དང། སྐུ་འབུམ། དངུལ་རྭ། མཚོ་སྔོན་མདའ་གཞི་སོགས་སུ་དུས་འཁོར་དང་རྒྱུད་སྡེ་དུ་མའི་བློས་བསླངས་བཞེངས་སྐྲུན་དང། རེབ་གོང་རོང་བོ་དགོན་ཆེན་དུ་དུས་འཁོར་བློས་བསླངས་ཀྱི་ཁྲིད་ཞིབ་རྒྱས་སུ་བསྩལ་བ་དང། ལྷ་ས་སྨན་རྩིས་ཁང་གིས་གདན་དྲངས་ཏེ་མཁས་མང་བགྲོ་གླེང་བརྒྱུད་དུས་འཁོར་ལུགས་ཀྱི་གོ་ལ་ལྕགས་སྒྲོག་མར་གྲགས་པ་བཞེངས་སྐྲུན་གནང་བ་སོགས་ཀྱིས་རྒྱུད་སྡེའི་བསྟན་པ་རྨང་ནས་གསོ་བའི་མཛད་ཁུར་རླབས་ཆེན་བསྐྱངས། སྔ་ཕྱིར་རང་དགོན་དང་ཕྱོགས་ནས་ཕེབས་པའི་དོན་གཉེར་ཅན་མང་པོར་སྙན་སུམ་དང། སྒྲ་རྩིས་སོགས་ཀྱི་དཔེ་ཁྲིད་སྐུ་ཚེ་སྙོམས་པར་མཛད། བརྩམས་ཆོས་དབྱངས་ཅན་སྒྲ་མདོའི་འགྲེལ་ཆེན་སོགས་པོད་དྲུག་ཙམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་ཟིན་པ་དང། དེར་མ་འཁོད་པའང་མི་ཉུང་བ་བཞུགས་པར་སྣང། རབ་བྱུང་བཅུ་བདུན་པའི་མེ་ཁྱི་ཕྱི་ལོ་༢༠༠༦ལོར་སྐུ་གཤེགས། |