102759
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དབྱར་རྙེད་ཀྱི་རྒྱུ་ལས་བྱུང་བའི་ཆོས་གོས་གསུམ་ཕྲུགས་ཡན་ཆོད་ལ་སྲ་བརྐྱང་གདིང་བའི་ཉིན་པར་དགེ་སློང་རྣམས་ཀྱི་ཆོས་གོས་ཀྱི་བྱིན་རླབས་ཕྱུང་ནས་དགག་དབྱེའི་ཕྱི་ཉིན་པར་སྔགས་ཚིག་ལན་གསུམ་གྱི་སྒོ་ནས་གདིང་བ་ཡིན་ལ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོ་སྲ་བརྐྱང་གི་གཞི་འཆད་པ་ལ། དེ་ཡང་དབྱར་ཁས་བླངས་པ་དང་དགག་དབྱེ་བཤད་པའི་རྗེས་སུ་སྲ་བརྐྱང་གདིང་བའི་ཚུལ་བཤད་པར་བྱ་སྟེ། དེ་གདིང་བ་དབྱར་དགག་གཉིས་ཀྱི་རྗེས་སུ་འབྱུང་བའི་དོན་གྱི་རིམ་པ་ཡོད་པས་སོ། །དེའི་དབང་དུ་མཛད་ནས། མདོར། སྲ་བརྐྱང་གདིང་བར་བྱའོ་ཞེས་སོགས་གསུངས། དོན་བཤད་དུ་ཡོད་དེ། དགོས་པའི་དབང་དུ་བྱས་ན་སྲ་བརྐྱང་གདིང་བའི་ཕན་ཡོན་མཐོང་ནས་དགེ་འདུན་རྣམས་དབྱར་ཁས་ལེན་ལ་འཇུག་པར་འགྱུར་བ་དང་། འཆང་འབྲལ་འཇོག་གསུམ་གྱི་ལྟུང་བ་མི་འབྱུང་བས་དགེ་འདུན་རྣམས་བདེ་བ་ལ་གནས་པར་བྱ་བ་དང་། དེ་གདིང་བ་ལ་རྙེད་པ་མང་པོ་འོང་བས་སྦྱིན་བདག་བསོད་ནམས་རྒྱ་ཆེན་པོ་ཐོབ་པའི་དགོས་པ་ཡོད་ཅིང་། ཞེས་གསུངས། དུས་ནམ་གྱི་ཚེ་སྲ་བརྐྱང་གདིང་བ་ནི་སྟོན་ཟླ་ཐ་ཆུང་གི་མར་ངོའི་ཚེས་གཅིག་ལ་གདིང་བ་ཡིན་པའི་ཕྱིར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྔ་པ་དུས་ནམ་གྱི་ཚེ་གདིང་བ་ཡོད་དེ། ཚེས་བཅུ་དྲུག་ལའོ། །སྟོན་ཟླ་འབྲིང་པོའི་འོ་ཞེས་འབྱུང་བ་ལས། སྟོན་ཟླ་ཐ་ཆུང་གི་མར་ངོའི་ཚེས་གཅིག་ལ་གདིང་བ་ཡིན་པའི་ཕྱིར། ཁ་ཅིག ། དུས་དེ་ཁོ་ནར་མ་ངེས་ཏེ། དབྱར་ཕྱི་མ་ཁས་བླངས་པ་ཡིན་ན། དགུན་ཟླ་ར་བའི་མར་ངོའི་ཚེས་གཅིག་ལ་གདིང་བ་ཡིན་པའི་ཕྱིར་ཞེས་སོགས་གསུངས། ཚེས་བཅུ་དྲུག་ཅེས་བྱ་བ་ནི་སྔར་བཤད་པ་ལྟར་འགྱུར་སྐྱོན་ནོ། །ཞེས་གསུངས། |
| Domain | ཆོས་ལུགས། |