From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཀ་མ་བ
|
Tibetan Definition
|
བཀའ་གདམས་པའི་དགེ་བཤེས་ཀ་མ་བ་ཤེས་རབ་འོད་ཅེས་བྱ་བ་དེའོ། །དམ་པ་དེ་ཉིད་རྣལ་འབྱོར་གྱི་དབང་ཕྱུག་དགོན་པ་བའི་དངོས་སློབ་གྲགས་ཅན་བཞི་ཡོད་པའི་ཡ་གྱལ་ཞིག་ཡིན་ལ། (དགོན་པ་བའི་དངོས་སློབ་གྲགས་ཅན་བཞི་ནི། ཞང་སྣེའུ་ཟུར་པ་ཡེ་ཤེས་འབར། དགེ་བཤེས་ཀ་མ་བ་ཤེས་རབ་འོད། མཉན་སྣ་མོ་བ། དགེ་བཤེས་འབན་གུང་རྒྱལ་དང་བཞིའོ) ཇོ་བོ་རྗེ་ལན་པ་སྤྱིལ་བུར་ཕེབས་དུས། ཡུམ་དེས་ཇོ་བོ་ལ་བྱིན་རླབས་ཞུས་པས། འདི་ལ་བུ་བཟང་པོ་ཞིག་འོང་གསུངས་ནས་ལུང་བསྟན་པ་བཞིན་ལན་པ་མདར་མེ་མོ་བྱ་ལ་སྐུ་འཁྲུངས། རབ་ཏུ་བྱུང་བའི་མཚན་ཤེས་རབ་འོད། ཕྱིས་དགོན་པ་བ་དང་མཇལ་དུ་བྱོན་པས་དགོན་པ་བས་ཆོས་དང་ཟང་ཟིང་གཉིས་ཀས་བསྐྱངས། མངོན་པར་རྟོགས་པའི་ཡོན་ཏན་ཡང་ཚད་མེད་པ་དང་ལྡན་པ་ཡིན། ཐུགས་རབ་ཀྱང་ཤིན་ཏུ་ཆེ། རྟོག་གེ་འབར་བ་ནག་ཚོས་བསྒྱུར་བ་ལས་རྣལ་འབྱོར་སྤྱོད་པ་བའི་དེ་ཁོ་ཉིད་གཏན་ལ་དབབ་པའི་ལེའུ་ལ་འགྱུར་བཅོས་མཛད་པ་པོའི་མཁས་བཙུན་ཤེས་རབ་འོད་གསལ་གཉིས་ཀྱིས་བསྒྱུར་ཟེར་བའི་ཡ་གཅིག་ཀྱང་ཁོང་ཡིན་པ་འདྲའོ། །དེས་ཀ་མ་དགོན་པ་བཏབ་པས་མཚན་ཡང་ཀ་མ་བར་གྲགས། གྲྭ་པ་ཡང་བདུན་བརྒྱ་ཙམ་འཚོགས། ཕྱི་རོལ་གྱི་དངོས་པོ་ངན་པ་རྣམས་བཟང་པོར་བསྒྱུར་ནུས་པའི་ཏིང་ངེ་འཛིན་བརྟན་པོ་འཁྲུངས། དགུང་གྲངས་བདུན་ཅུ་རྩ་ལྔ་པ་ལྕགས་མོ་ཕག་ལ་སྐུ་གཤེགས། ཞེས་དེབ་སྔོན་ལྟར་བཀོད། ཁོང་དགོན་པ་བའི་སློབ་མ་ཡིན་པ་རྗེའི་ལམ་རིམ་ཆེན་མོར་ཡང་ཟུར་ཙམ་གསལ་ལ་ལུང་འདྲེན་ཡང་ཐེངས་ལྔ་ཙམ་མཛད། འཁྲུངས་འདས་ལོ་ཚིགས། (༡༠༥༧-༡༡༣༡) ཡིན། འགའ་ཞིག་གིས། ལམ་རིམ་ཆེན་མོར་ཀ་མ་བ་ཞེས་འབྱུང་བ་དོན་ལ་ཀརྨ་པ་ལ་ཞུ་བ་ཡིན་ཀྱང་། ཀ་མ་བ་ཞེས་ཆོས་ལུགས་ཀྱི་ཞེན་པས་ཚིག་ལ་བསྒྱུར་བཅོས་བྱས་པ་རེད་ཟེར་བ་ནི་རང་གི་དེ་ཉིད་གསལ་བར་མཚོན་པ་ཡིན་ཏེ། དེའི་སྐོར་བཀའ་བརྒྱུད་ཀྱི་མཁས་གྲུབ་ཆེན་པོ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་དེབ་སྔོན་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་སོགས་སུ་བལྟས་ན་ཤེས་སོ། །
|