From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ག་ལས་འཇིགས་མེད
|
Tibetan Definition
|
དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ག་ལས་འཇིགས་མེད། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད། མདོ་སྡེ་འབར་གྱི་འགྱུར། བསྟན་འགྱུར་༼ ཙ་པར ༽བཞུགས། ཞིབ་ཏུ་བཤད་ན། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བའི་ཚིག་ལེའུར་བྱས་པ་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤློ་ཀ་ནི་ཉིས་སྟོང་ཆིག་བརྒྱ། བམ་པོ་ནི་བདུན་དུ་བྱས་སོ། །ལམ་སྒྲོན་གྱི་རང་འགྲེལ་ལས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ག་ལས་འཇིགས་མེད། ཅེས་འབྱུང་བ་ལྟར། བུ་སྟོན་རིན་ཆེན་གྲུབ་སོགས་བོད་སྔ་རབས་པ་དག་ག་ལས་འཇིགས་མེད་རྩ་ཤེའི་རང་འགྲེལ་དུ་བཤད་ཀྱང་། རྗེ་ཙོང་ཁ་པ་ཆེན་པོས་དེ་རྩ་ཤེའི་རང་འགྲེལ་མིན་པར་གསུངས་ཏེ། ལེགས་བཤད་སྙིང་པོ་ལས། རབ་བྱེད་ཉེར་བདུན་པའི་འགྲེལ་པ་ག་ལས་འཇིགས་མེད་ལས། བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་ལ། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་འགྲེལ་པར་འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། །ཞེས་གསུངས། འདིའི་དོགས་གཅོད་སྟོང་ཐུན་སྐལ་བཟང་མིག་འབྱེད་༣༨བ༢ན་གསལ་ལོ། །སྒྲ་བཤད་ནི། གང་ལའང་འཇིགས་པ་མེད་པས་ན་ག་ལ་འཇིགས་མེད་ཅེས་བྱ་སྟེ། ག་ལས་འཇིགས་མེད་ཀྱི་མཇུག་ཏུ་རང་དང་གཞན་གྱི་གྲུབ་མཐའ་སྨྲ་བའི་ཕྱོགས་ག་ལས་ཀྱང་འཇིགས་པ་མེད་པ། ཞེས་གསུངས་སོ། །རྗེ་དགེ་འདུན་གྲུབ་པའི་ཏཱའི་སི་ཏུ་རྣམ་རྒྱལ་གྲགས་པའི་དྲིས་ལན་ཤོག་གྲངས་༡༥ན་འདི་རྩ་ཤེའི་རང་འགྲེལ་མིན་པའི་སྒྲུབ་བྱེད་རྒྱས་པར་བཀོད་ཡོད་པས་དེར་གཟིགས།
|