891

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:35, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཏུམ་མོ
Tibetan Definition <ཙཎྜ་ལི> 1 ཁོང་ཁྲོ་དང་འཁྲུག་པ་ཚ་བའི་བུད་མེད་ལ་ཟེར། མའི་རྣམ་འབྱེད་༼ ཏ་པ ༽༢༨༩བ༡ལས། བུད་མེད་གཏུམ་མོ་ཞེས་བྱ་བ་ནི། ཁྲོ་བ་འཐབ་ཀྲོལ་ཅན་ནོ། །ཞེས་གསུངས་པ་ལྟར་རོ། །2 རང་གི་ལུས་ཀྱི་ལྟེ་བའི་གནས་སུ་མ་ལས་ཐོབ་པའི་ཁམས་དམར་པོའི་དྭངས་མ་དབྱིབས་ཨ་ཐུང་ཤད་ཀྱི་རྣམ་པ་ཅན། ཁ་དོག་དམར་ལ་དྲོད་ཀྱི་རང་བཞིན་རེག་བྱ་ཚ་བ་ཞིག དེ་ལ་གཙོ་བོ་ལྟེ་བ་དང་གསང་གནས་ཀྱི་གཏུམ་མོ་གཉིས་ཡོད་དེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། སྤར་རྒྱུའི་མེ་རྡུལ་གྱི་ངོ་བོའི་ཁྲག་ནི་ལུས་ཀྱི་ཆ་མང་པོ་ན་གནས་ཀྱང༌། གཙོ་བོ་ནི་ཨ་ཐུང་གིས་མཚོན་པའི་ལྟེ་བའི་གནས་དང༌། ཀྵ་ཡིག་གིས་མཚོན་པའི་ཚངས་པའི་མེ་ཞེས་པ་ལྟེ་འོག་གི་གསང་གནས་ལ་གནས་པ་གཉིས་ཏེ། དེ་ཡང་དྷཱུ་ཏཱིའི་ནང་ན་གས་པའོ། །ཞེས་གསུངས། གཏུམ་མོའི་དགོས་པ་ནི། རྗེའི་སྔགས་རིམ་ཆེན་མོ་ལས། ལྟ་བ་དེས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་ཀྱང་ཐོག་མ་མེད་པ་ནས་བདག་ཏུ་འཛིན་པ་གཉིས་ཀྱིས་བསླད་པས། ཡུལ་དེ་ལ་ཡུལ་ཅན་དེ་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་མཉམ་དུ་འཇུག་མི་ནུས་པར་གཉིས་སྣང་གིས་སོ་སོ་བར་རིང་དུ་རྒྱང་ཆད་པར་བྱེད་པས། དེས་ན་གཏུམ་མོའི་མེས་བྱང་སེམས་བཞུས་པ་ཕྱིར་མ་འཕོས་པར་བཟུང་ན་དེའི་མཐུས་གཉིས་སྣང་རགས་པ་རྣམས་བསྡུས་ནས་ཞི་བར་འགྱུར་ལ། དེའི་ཚེ་ལྟ་བ་དྲན་པར་བྱས་ནས་ལྟ་ཐོག་ཏུ་བཞག་ནས་བསྐྱངས་ན་ཤེས་རབ་དེ། དེ་ཁོ་ན་ཉིད་ལ་ཇེ་ཉེར་སོང་ནས་ཡུལ་དང་ཡུལ་ཅན་རོ་གཅིག་ཏུ་འགྱུར་བ་ཡིན་ནོ། །ཞེས་གསུངས། སྒྲ་བཤད་ནི། འཇིག་རྟེན་ན་ཁྲོ་གཏུམ་ཆེ་བས་གཞན་སྡེ་འཇོམས་ཤིང་དྲག་རྩལ་ཆེ་བས་རང་དོན་སྒྲུབ་པ་བཞིན་དུ། སྤང་བྱ་ཉོན་མོངས་པའི་ཚོགས་འཇོམས་པ་ལ་དཔའ་ཞིང་གཏུམ་པ་དང༌། བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་སྟེར་བར་བྱེད་པས་ན་མོ་ཞེས་བུད་མེད་ཀྱི་སྒྲ་སྦྱར་རོ། །ཡང་ན། སྒྲ་བཤད་ནི། གང་ལ་གནད་དུ་བསྣུན་པས་ཕུང་ཁམས་མ་དག་པ་རྣམས་སྲེག་ཅིང་ཉོན་མོངས་རྣམ་རྟོག་ཐམས་ཅད་རྩད་ནས་གཅོད་པའི་དོན་གྱིས་གཏུམ་ཞེས་བྱ་ལ། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱུར་དུ་སྐྱེད་པར་བྱེད་པའི་དོན་གྱིས་མོ་ཞེས་བྱའོ། །རྫོགས་རིམ་གྱི་ཉམས་ལེན་མཐའ་དག་གཏུམ་མོར་འདུས་པར་རྗེའི་གསུང་རྫོགས་རིམ་དཔྱིད་ཀྱི་ཐིག་ལེར་གསུངས་སོ། །