1123

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:36, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཞན་སྟོང་གི་ལྟ་བ
Tibetan Definition གཞན་སྟོང་གི་སྐོར་ལ་ས་བཅད་བཅུར་ཕྱེ་སྟེ་བཤད་པར་བྱའོ། །དང་པོ་གཞན་སྟོང་གི་ངོ་བོ། གཉིས་པ་གཞན་སྟོང་གི་སྒྲ་བཤད། གསུམ་པ་གཞན་སྟོང་གི་ལུང་གི་ཁུངས། བཞི་པ་གཞན་སྟོང་གི་ལྟ་བ་རྣམ་དག་ཡིན་པར་མ་ཟད་ངེས་དོན་མཐར་ཐུག་ཡིན་ཚུལ། ལྔ་པ་རང་སྟོང་དང་གཞན་སྟོང་གི་ཁྱད་པར། དྲུག་པ་རང་སྟོང་དང་གཞན་སྟོང་སྨྲ་བས་བདེན་གཉིས་ཀྱི་འཇོག་ཚུལ། བདུན་པ་གཞན་སྟོང་སྨྲ་བ་རྣམས་ཀྱིས་འཁོར་ལོ་གསུམ་གྱི་དྲང་ངེས་འཇོག་ཚུལ། བརྒྱད་པ་གཞན་སྟོང་ཉམས་སུ་བཞེས་མཁན་གྱི་མཁས་གྲུབ་དམ་པ་རྣམས་ཀྱི་མཚན་གཞུང་རགས་རིམ། དགུ་པ་གཞན་སྟོང་གི་སྐོར་གྱི་ཕྱག་དཔེ་ངོ་སྤྲོད་རགས་རིམ། བཅུ་པ་རང་སྟོང་སྨྲ་བའམ་ཆོས་བརྒྱུད་གཞན་གྱིས་དེ་ལ་གཟིགས་ཚུལ་དང་དགག་པ་བྱེད་ཚུལ། ༼ དང་པོ་གཞན་སྟོང་གི་ངོ་བོ་ནི ༽ གཞན་སྟོང་ནི། དོན་དམ་བདེན་པ་སྒྲུབ་པ་རང་དབང་བའི་རྟག་པ་ཡིན་པར་འདོད་ཅིང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོ་རྟག་བརྟན་ཐེར་ཟུག་སུམ་ཅུ་རྩ་གཉིས་ཀྱིས་མཚན་པ་རང་ཆས་སུ་ཡོད་པ་ཞིག་ལ་འདོད་དོ། །དོགས་གཅོད། དྲི་བ། སྟོང་ཉིད་བདེན་པར་གྲུབ་པའི་རང་དབང་བའི་རྟག་པ་ཡིན་ཚུལ་ཇི་ལྟར་ཡིན་ཞེ་ན། ལན། སྟོང་ཉིད་ཡོངས་གྲུབ་ཀུན་ལ་ཁྱབ་ཅིང་རྟག་བརྟན་འགྱུར་བ་མེད་པ་ལ་ “བདེན་གྲུབ་ཀྱི་ཐ་སྙད་བྱེད་ཀྱི” རང་སྟོང་སྨྲ་བའི་འདོད་པ་ལྟར་གྱི་བདེན་པར་གྲུབ་ལུགས་དེ་མིན་པར་འདོད་དོ། །རང་སྟོང་ཁྱེད་འདོད་པ་ལྟར་གྱི་བདེན་གྲུབ་དེ་ཕར་རྟོག་པས་བཏགས་པ་ཙམ་མ་ཡིན་པས་རང་ངོས་ནས་གྲུབ་པ་ལ་འདོད་པ་གང་ཞིག ངེད་ཀྱི་ཡོངས་གྲུབ་རྟོག་པས་བཏགས་པ་ཙམ་མ་ཡིན། རང་ངོས་ནས་གྲུབ་པ་དང་མ་གྲུབ་པའི་མཐའ་གཉིས་ལས་འདས་པའི་ཕྱིར། ཞེས་གསུངས། ཡོངས་གྲུབ་ཡེ་འདོད་མ་ནས་རྟག་བརྟན་འགྱུར་བ་མེད་པ་ཕྱོགས་དང་དུས་དང་སྐྱེ་འགག་སོགས་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་ཟིན་པས། དེ་རྟོགས་པའི་ཡེ་ཤེས་དང་ཡོངས་གྲུབ་གཉིས་ཕར་བལྟ་དང་ཚུར་བལྟའི་རྣམ་པ་ཅན་མ་ཡིན་པར། རྟོགས་བྱ་དང་རྟོགས་བྱེད་བལྟ་བྱ་དང་ལྟ་བྱེད་ཐ་མི་དད་པ་ཆུ་ལ་ཆུ་བཞག་གི་ཚུལ་དུ་གནས་པ་དེ་ལ་ངོ་བོ་འགྱུར་བ་མེད་པའི་ཕྱིར་བདེན་གྲུབ་ཅེས་བྱ་ཡི། བལྟ་བྱ་དང་ལྟ་བྱེད་ཐ་དད་གཞིར་བཞག་ནས་དེ་རྟོག་བཏགས་ཙམ་མ་ཡིན་པའི་རང་ངོས་ནས་གྲུབ་པར་འཛིན་པ་ལ་བདེན་འཛིན་དང་། དེ་ལྟར་གྲུབ་པའི་བདེན་འཛིན་འདིར་མི་འདོད་པས་རང་སྟོང་པས་སྐྱོན་འཕེན་པ་དེ་དག་ནམ་མཁའ་ལ་རལ་གྲི་གཡུག་པ་ལྟར་གནོད་པའི་ཕྱོགས་ཙམ་དུ་མི་འོང་བའི་ཕྱིར། ཞེས་གསུངས། ༼ གཉིས་པ་གཞན་སྟོང་གི་སྒྲ་བཤད་ནི ༽ ཡོངས་གྲུབ་བདེ་གཤེགས་སྙིང་པོ་ནི་རང་གི་ངོ་བོས་མི་སྟོང་ལ། གཞན་ཀུན་རྫོབ་ཀྱིས་གདོད་ནས་སྟོང་པས་ན་གཞན་སྟོང་ཞེས་བྱ་སྟེ། ཏཱ་ར་ནཱ་ཐའི་གཞན་སྟོང་སྙིང་པོ་ཞེས་བྱ་བ་༡༨ལས། དེས་ན་ཡོངས་གྲུབ་བདེ་གཤེགས་སྙིང་པོ་དེ་ནི་རང་གི་ངོ་བོས་ནམ་ཡང་མི་སྟོང་ལ། གཞན་ཀུན་རྫོབ་ཀྱིས་གདོད་ནས་སྟོང་པའི་ཕྱིར། ཡོངས་གྲུབ་དོན་དམ་བདེན་པ་དེ་ནི་གཞན་སྟོང་ཡིན་གྱི་རང་སྟོན་མིན་ནོ། །དེའི་ཕྱིར་ཀུན་རྫོབ་རྣམས་གཞན་གྱི་ངོ་བོས་སྟོང་པའི་སྟེང་དུ་རང་གི་ངོ་བོས་ཀྱང་སྟོང་པ་དང་དོན་དམ་གཞན་གྱི་ངོ་བོ་ཁོ་ནས་སྟོང་པའི་ཕྱིར་ཚུལ་འདི་སྨྲ་བ་ནི་གཞན་སྟོང་དབུ་མའོ། །ཞེས་གསུངས། གཞན་ཡང་ཏཱ་ར་ནཱ་ཐའི་ཚུལ་གཉིས་རྣམ་འབྱེད་༩ལས། རང་སྟོང་གི་དོན་ནི་ཀུན་རྫོབ་དང་དོན་དམ་པའི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ཞིང་བདེན་པར་མེད་པའི་ཕྱིར་ཆོས་ཐམས་ཅད་རང་སྟོང་ཡིན་ཞེས་འདོད་པ་ཡིན་ལ། གཞན་སྟོང་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་མེད་རང་གི་ངོ་བོས་སྟོང་པས་རང་སྟོང་ཡིན་ཀྱང་། དོན་དམ་གྱི་དབྱིངས་ནི་བདེན་པར་གྲུབ་པའི་ཕྱིར་རང་གི་ངོ་བོས་མི་སྟོང་ལ། འོན་ཀྱང་སྟོང་ཉིད་ནི་ཡིན་ཏེ་གཞན་གཟུང་འཛིན་སོགས་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་དོན་དམ་ནི་གཞན་སྟོང་ཡིན་ནོ། །ཞེས་བཞེད་པའི་དོན་ཡིན་པས་ཀུན་རྫོབ་རང་སྟོང་ཡིན་པ་ལ་མཐུན་ཡང་། དོན་དམ་རང་སྟོང་དུ་བཞེད་མི་བཞེད་ཀྱི་ཁྱད་པར་ཡིན་ནོ། །ཞེས་གསུངས། ༼གསུམ་པ་གཞན་སྟོང་སྟོན་པའི་ལུང་གི་ཁུངས་ནི༽ དང་པོ་མདོའི་ལུང་ནི། མདོ་སྡེ་དགོངས་པ་ངེས་འགྲེལ། ཀ་ཏྱ་ཡ་ནའི་གདམས་ངག་གི་མདོ་དང་། མདོ་སྡེ་ཆེན་པོ་སྟོང་པ་ཉིད་སོགས་འཁོར་ལོ་དང་པོའི་མདོ་མང་པོ་དང་། བྱམས་པས་ཞུས་པའི་ལེའུ་དང་། ཤེར་ཕྱིན་ལྔ་བརྒྱ་པ་སོགས་འཁོར་ལོ་བར་པའི་གནས་སྐབས་མང་པོ་དང་། མདོ་བཞི་སོགས་ཐ་མའི་མདོ་མང་པོ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང་། རྔ་བོ་ཆེའི་མདོ་དང་། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་དང་། དཔལ་ཕྲེང་གི་མདོ་དང་། མྱ་ངན་ལས་འདས་པ་ཆེན་པོ་དང་། དཀོན་མཆོག་སྤྲིན་དང་། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་ལ་སོགས་སོ། །བསྟན་བཅོས་ཀྱི་ཁུངས་ནི། མངོན་རྟོགས་རྒྱན་དུ་མདོ་ཙམ་གསུངས། མདོ་སྡེ་རྒྱན་དང་། དབུས་མཐའ་རྣམ་འབྱེད་དང་། ཆོས་ཉིད་རྣམ་འབྱེད་དུ་གསལ་ཞིང་རྒྱས་པར་བཤད། སྙིང་པོའི་མདོའི་དོན་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ཞིབ་མོ་དེ་རྒྱུད་བླ་མར་གཏན་ལ་ཕབ་བོ། །གཞན་སྟོང་གི་དབུ་མ་ནི་སྐུ་མཆེད་གཉིས་ཀྱི་བསྟན་བཅོས་མཐའ་དག་ལ་གསལ་ཞིང་དབྱིག་གཉེན་གྱི་ཉི་ཁྲིའི་འགྲེལ་པ་གནོད་འཇོམས་དང་། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ན་ཤིན་ཏུ་གསལ་ཞིང་རྒྱས་པར་བཤད་དོ། །ཏཱ་ར་ནཱ་ཐའི་གཞན་སྟོང་སྙིང་པོ་༡༠ལ་གཞི་བྱས། ༼ བཞི་པ་གཞན་སྟོང་གི་ལྟ་བ་རྣམ་དག་ཡིན་པར་མ་ཟད་ངེས་དོན་མཐར་ཐུག་ཏུ་ཡིན་ཚུལ་ནི ༽ སྔ་འགྱུར་བ་རྣམས་ཀྱི་ཀུན་མཁྱེན་དུ་སྨྲ་བ་འཇུ་མི་ཕམ་པའི་གཞན་སྟོང་ཁས་ལེན་སེངྒེའི་ང་རོར། མི་མཆོག་སྟོན་པ་ཤཱཀྱ་སེངྒེ་ཡིས། །མི་སྙེངས་འཁོར་ལ་སེངྒེའི་སྒྲ་བསྒྲགས་པའི། །ངེས་དོན་སྙིང་པོའི་མཐར་ཐུག་འདི་ཁོ་ནར། །ངེས་པ་རྙེད་རྣམས་མི་ལྡོག་ལུང་བསྟན་འཚེངས། །ཞེས་གསུངས། གཞན་ཡང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ “གཞན་སྟོང་དབུ་མ་ཆེན་པོའི་ལྟ་ཁྲིད་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཟེར” ལས། དེར་མ་ཟད་ཐོས་བསམ་སྒོམ་པ་ཟུང་འབྲེལ་གྱིས་གནས་ལུགས་ཕྱིན་ཅི་མ་ལོག་པར་གཟིགས་པའི་སྐྱེ་འཕགས་རྣམས་ཀྱི་མཐར་ཐུག་དགོངས་པ་ནི་འདི་ཁོ་ནར་འབབ་དགོས་སོ། །ཞེས་གསུངས། ༼ ལྔ་པ་རང་སྟོང་དང་གཞན་སྟོང་གི་ཁྱད་པར་ནི ༽ ཏཱ་ར་ནཱ་ཐའི་ཚུལ་གཉིས་རྣམ་འབྱེད་༩ལས། རང་སྟོང་གི་དོན་ནི་ཀུན་རྫོབ་དང་དོན་དམ་པའི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ཞིང་བདེན་པར་མེད་པའི་ཕྱིར་ཆོས་ཐམས་ཅད་རང་སྟོང་ཡིན་ཞེས་འདོད་པ་ཡིན་ལ། གཞན་སྟོང་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་མེད་རང་གི་ངོ་བོས་སྟོང་པས་རང་སྟོང་ཡིན་ཀྱང་། དོན་དམ་གྱི་དབྱིངས་ནི་བདེན་པར་གྲུབ་པའི་ཕྱིར་རང་གི་ངོ་བོས་མི་སྟོང་ལ། འོན་ཀྱང་སྟོང་ཉིད་ནི་ཡིན་ཏེ་གཞན་གཟུང་འཛིན་སོགས་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་དོན་དམ་ན་གཞན་སྟོང་ཡིན་ནོ། །ཞེས་བཞེད་པའི་དོན་ཡིན་པས་ཀུན་རྫོབ་རང་སྟོང་ཡིན་པ་ལ་མཐུན་ཡང་། དོན་དམ་རང་སྟོང་དུ་བཞེད་མི་བཞེད་ཀྱི་ཁྱད་པར་ཡིན་ནོ། །ཞེས་གསུངས།༼ དྲུག་པ་རང་སྟོང་དང་གཞན་སྟོང་སྨྲ་བའི་བདེན་གཉིས་ཀྱི་འཇོག་ཚུལ་ནི ༽ རང་སྟོང་སྨྲ་བ་དང་། གཞན་སྟོང་སྨྲ་བ་གཉིས་ཀྱི་ཀུན་རྫོབ་དང་དོན་དམ་འཇོག་ཚུལ་གྱི་ཁྱད་པར་ནི། རང་སྟོང་པ་རྣམས་ནི་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་ལྟར་སྣང་བ་ནི་ཀུན་རྫོབ་ཡིན་ལ། དེ་རྣམས་རང་བཞིན་མེད་པ་གང་ཡིན་པ་དེ་ནི་དོན་དམ་བདེན་པར་འཇོག་སྟེ། དོན་དམ་དེ་ཡང་སྤྲོས་པ་ཐམས་ཅད་དང་བྲལ་ཙམ་ལ་འཇོག “གཞན་སྟོང་པ” རྣམས་ནི་དངོས་པོ་དངོས་མེད་གཟུང་འཛིན་སོགས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ནི་ཀུན་རྫོབ་ཡིན་ལ། དོན་དམ་པའི་དབྱིངས་གཉིས་སྟོང་གི་ཡེ་ཤེས་རང་རིག་པ་ནི་དོན་དམ་དུ་འཇོག་པས། དོན་དམ་སྤྲོས་པ་དང་བྲལ་ཙམ་ལ་མི་འཇོག་པས་གཟུང་འཛིན་གཉིས་ཀྱི་སྤྲོས་པས་དབེན་པའི་རིག་པ་ལ་འཇོག སྤྲོས་པ་དང་བྲལ་ཙམ་ནམ་མཁའ་ལྟ་བུ་ནི་བེམ་སྟོང་དང་ཆད་སྟོང་ཡིན་པར་འདོད། དེས་ན་རང་སྟོང་པ་རྣམས་ཀྱི་དོན་དམ་མེད་དགག་དང་དངོས་མེད་ལ་འཇོག གཞན་སྟོང་པ་རྣམས་ཀྱི་དོན་དམ་དངོས་པོ་ཡིན་པ་རྒྱུ་རྐྱེན་གྱིས་གསར་དུ་འདུས་པ་མ་ཡིན་པ། སྔ་ཕྱི་ཐམས་ཅད་འགྱུར་བ་མེད་ལ་རྟག་བརྟན་གཡུང་དྲུང་ཡིན་པའི་ཕྱིར་ཆད་མཐར་མི་འགྱུར། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རྟག་པའི་མཐར་མི་འགྱུར་བ་ཚིག་གིས་བརྗོད་པའི་ཡུལ་ལས་འདས་ཤིང་། རྣམ་རྟོག་གིས་འདི་ལྟ་བུའོ་ཞེས་བཞག་ཏུ་མེད་པས་རྟོག་གེའི་ཡུལ་ལས་འདས་པ་དང་། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མྱོང་བྱ་ཡིན་པར་བཞེད་དོ། །ཞེས་ཏཱ་ར་ནཱ་ཐའི་ཚུལ་གཉིས་རྣམ་འབྱེད་༡༠་ལས་གསུངས་སོ། །༼ བདུན་པ་གཞན་སྟོང་སྨྲ་བ་རྣམས་ཀྱིས་འཁོར་ལོ་གསུམ་གྱི་དྲང་ངེས་འཇོག་ཚུལ་ནི ༽ གཞན་སྟོང་སྨྲ་བ་རྣམས་ནི་དང་པོ་དྲང་དོན་དང་། བར་པ་གནས་སྐབས་ཀྱི་ངེས་དོན། ཐ་མ་མཐར་ཐུག་གི་ངེས་དོན་སྟོན་པར་བཞེད། རང་སྟོང་སྨྲ་བ་རྣམས་ནི། བཀའ་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་ནི་དྲང་དོན་དང་། བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ནི་ངེས་དོན་མཐར་ཐུག ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གནས་སྐབས་ཀྱི་ངེས་དོན་ཏེ་དྲང་དོན་ཡིན་པར་བཞེད་དོ། །རྗེ་བཙུན་ཏཱ་ར་ནཱ་ཐའི་ཚུལ་གཉིས་རྣམ་འབྱེད་ཤོག་གྲངས་༢ལ་གཞི་བྱས། ༼ བརྒྱད་པ་གཞན་སྟོང་ཉམས་སུ་བཞེས་པའི་མཁས་གྲུབ་དམ་པ་རྣམས་ཀྱི་མཚན་གཞུང་རགས་རིམ་ནི ༽ ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ། ཀུན་མཁྱེན་དྲི་མེད་འོད་ཟེར། (དེ་གསུམ་ལ་གཞན་སྟོང་གི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་གསུམ་དུ་གྲགས) ཟི་ལུང་པཎ་ཆེན། ཏཱ་ར་ནཱ་ཐ། བསྟན་པའི་ཉིན་བྱེད་སོགས། རྙིང་ཕྱོགས་ནས་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་དང་། འཇུ་མི་ཕམ་རིན་པོ་ཆེ། དགེ་རྩེ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ། ཀཿཐོག་རིག་འཛིན་ཆེན་པོ་སྐུ་ཕྲེང་རིམ་བྱོན་སོགས་དང་། ས་སྐྱའི་ཕྱོགས་ནས་པཎ་ཆེན་ཤཱཀྱ་མཆོག་ལྡན་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་དང་། བཀའ་བརྒྱུད་ཕྱོགས་ནས་ (གོང་དུ་བཤད་པའི) ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་དང་། ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། དེང་གི་བཀའ་བརྒྱུད་ཀྱི་གྲུབ་ཐོབ་ཆེན་པོ་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེ། (ཁོང་གི་དབྱིན་སྐད་ཐོག་བཞུགས་པའི་ཕྱག་དཔེ་རྣམས་སུ་གཞན་སྟོང་སྐོར་ཤུགས་ཆེན་པོ་གསུངས་འདུག) གཞན་སྟོང་སྨྲ་བ་རྣམས་ཀྱིས་དགེ་ལྡན་པའི་ཕྱོགས་ཀྱི་འབྲས་སྤུངས་འཇམ་དབྱངས་ཆོས་རྗེ་དང་། གུང་རུ་རྒྱལ་མཚན་བཟང་པོ། པཎ་ཆེན་བློ་བཟང་ཆོས་རྒྱན། བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་སོགས་ཀྱང་གཞན་སྟོང་སྨྲ་བའི་གྲས་སུ་འཇོག་མོད་ཀྱང་། དེ་ནི་མཐའ་གཅིག་ཏུ་མ་ངེས་པས་དཔྱད་གཞི་ཙམ་དུ་བཀོད་དོ། །ལྷག་པར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་ཕལ་ཆེར་བདག་གིས་མཇལ་ཞིང་། ཁྱད་པར་ལྟ་བའི་སྐོར་རྣམས་ཞིབ་མཇལ་བྱས་ཀྱང་གཞན་སྟོང་གི་དྲི་ཙམ་ཡང་མི་སྣང་བ་མ་ཟད། ཀློང་རྡོལ་བླ་མས་རྗེའི་ལྟ་བ་རྣམ་པར་དག་པ་རྟོགས་མཁན་གྱི་སྐྱེས་ཆེན་གྱི་གྲས་སུ་བཞག་འདུག འཇམ་དབྱངས་ཆོས་རྗེ་སོགས་གཞན་རྣམས་ནི་ཞུ་བར་མི་སྤོབས་པས་བཏང་སྙོམས་སུ་བཞག་གོ།༼ དགུ་པ་གཞན་སྟོང་གི་སྐོར་གྱི་ཕྱག་དཔེ་ངོ་སྤྲོད་རགས་རིམ་ནི ༽གཞན་སྟོང་སྟོན་པའི་བོད་གཞུང་ཆེ་ཤོས་ནི་ཀུན་མཁྱེན་དོལ་པོ་བའི་རི་ཆོས་ངེས་དོན་རྒྱ་མཚོ་དང་། ཏཱ་ར་ནཱ་ཐའི་དབུ་མ་ཐེག་མཆོག་མཛོད་གཉིས་ཡིན། ཇོ་ནང་རང་གི་ཕྱོགས་ནས་ཀུན་མཁྱེན་ཀུན་མཁྱེན་དོལ་པོ་པའི་བདེན་གཉིས་གསལ་བའི་ཉི་མ། ཏཱ་ར་ནཱ་ཐའི་གཞན་སྟོང་སྙིང་པོ་དང་། ཏཱ་ར་ནཱ་ཐའི་ཚུལ་གཉིས་རྣམ་པར་འབྱེད་པ་ངེས་པའི་དོན་གྱི་འཇུག་ངོགས། ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར། རྙིང་ཕྱོགས་ནས་འཇུ་མི་ཕམ་རིན་པོ་ཆེའི་གཞན་སྟོང་ཁས་ལན་སེངྒེའི་ང་རོ་དང་། དགེ་རྩེ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ་གྱི་ངེས་དོན་དབུ་མ་ཆེན་པོའི་ཚུལ་རྣམ་པར་ངེས་པའི་གཏམ་བདེ་གཤེགས་སྙིང་པོའི་རྒྱན། ཡང་དགེ་རྩེ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ་གྱི་གྲུབ་མཐའ་ཆེན་པོ་བཞིའི་རྣམ་པར་བཞག་པ་མདོ་ཙམ་ཕྱེ་བ་ངེས་དོན་དགོངས་པ་གསལ་བྱེད། མཁན་ཆེན་གཞན་ཕན་མཐའ་ཡས་ཀྱི་ཕྱི་ནང་གི་གྲུབ་མཐའ་མདོར་བསྡུས་སུ་བཀོད་པ་འཇམ་མགོན་ཞལ་ལུང་བཅས་དང་། (འོག་མ་འདི་གཉིས་ཀྱི་ནང་དུ་ངེས་དོན་མཐར་ཐུག་པ་གཞན་སྟོང་ཡིན་ཚུལ་མང་དུ་གསུངས་ཡོད) ས་སྐྱའི་ཕྱོགས་ནས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་དབུ་མ་ཆེན་པོའི་ལུགས་གཉིས་རྣམ་པར་ཕྱེ་ནས་ངེས་དོན་གཅིག་ཏུ་བསྡུས་པ་རྒྱ་མཚོའི་སྤྲིན་གྱི་འབྲུག་སྒྲ་ཟབ་མོ་དང་། བཀའ་བརྒྱུད་ཕྱོགས་ནས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་གཞན་སྟོང་དབུ་མ་ཆེན་པོའི་ལྟ་ཁྲིད་རྡོ་རྗེའི་ཟླ་བ་དྲི་མ་མེད་པའི་འོད་ཟེར་དང་། དགེ་ལྡན་པའི་ཕྱོགས་ནས་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་གྱི་གཞན་སྟོང་གི་གྲུབ་མཐའ་ལ་དཔྱད་པ་མདོར་བསྡུས་མཁས་པ་དགྱེས་པའི་གླུ་སོགས་སོ། །༼ བཅུ་པ་དེ་ལ་རང་སྟོང་སྨྲ་བའམ་ཆོས་བརྒྱུད་གཞན་གྱིས་གཟིགས་ཚུལ་དང་དགག་པ་བྱེད་ཚུལ་ནི ༽ གཞན་སྟོང་ངམ། གཞན་སྟོང་དབུ་མ་ཆེན་མོ་ཞེས་ཡོངས་སུ་གྲགས་པ་ནི། དོན་དམ་བདེན་པ་སྒྲུབ་པ་རང་དབང་བའི་རྟག་པ་ཡིན་པར་འདོད་ཅིང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོ་རྟག་བརྟན་ཐེར་ཟུག་སུམ་ཅུ་རྩ་གཉིས་ཀྱིས་མཚན་པ་རང་ཆས་སུ་ཡོད་པ་ཞིག་ལ་འདོད་དོ། །འདི་ནི་གངས་ཅན་གྱི་མཁས་པའི་ཡང་རྩེ་རྣམས་ཀྱིས་ལུང་རིགས་བརྒྱ་ཕྲག་གིས་འགོག་པར་མཛད་དེ། བུ་སྟོན་ཐམས་ཅད་མཁྱེན་པས་བདེ་བར་གཤེགས་སྙིང་པོ་གསལ་ཞིང་མཛེས་པའི་རྒྱན་ཞེས་བྱ་བ་དང༌། ཐུགས་སྲས་ལོ་ཙཱ་བས་བདེ་གཤེགས་སྙིང་པོའི་མཛེས་རྒྱན་གྱི་རྒྱན་ཞེས་བྱ་བ་དང༌། སྡེ་སྣོད་འཛིན་པ་བརྩོན་འགྲུས་དཔལ་གྱིས་བདེར་གཤེགས་སྙིང་པོ་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་དང༌། ཡར་འབྲོག་པ་རིན་ཆེན་ཏོག་གིས་མཉམ་མེད་དབང་པོའི་རྡོ་རྗེ་དང༌། ཡེ་ཤེས་ཐོག་ཏོག་དང༌། རྡོ་རྗེའི་ཐོག་ཆེན་དང༌། རྡོ་རྗེའི་ཐོ་བ་བྱ་བའི་དགག་ཡིག་གི་བསྟན་བཅོས་མང་པོ་མཛད་ཅིང༌། ས་སྐྱའི་མཁས་པ་གནས་དྲུག་པ་དགེ་འདུན་དཔལ་དང༌། བདེ་བ་ཅན་གྱི་སྡེ་སྣོད་འཛིན་པ་རིན་ཆེན་གཞོན་ནུ་དང༌། བཀའ་བཞི་པ་རིན་ཆེན་རྡོ་རྗེ་རྣམས་ཀྱིས་ཀྱང་བཀག མཉམ་མེད་རེད་མདའ་བ་ཆེན་པོ་དང༌། ཀུན་མཁྱེན་ཙོང་ཁ་པ་ཆེན་པོའི་གསུང་རབ་རྣམས་སུའང་ལྟ་བ་དེ་འགོག་པའི་ལུང་རིགས་མང་དུ་བཀའ་བསྩལ་པར་ (རྗེ་ཙོང་ཁ་པ་ཆེན་པོས་གཞན་སྟོང་འགོག་པའི་གཞུང་ནི། རྗེའི་དགོངས་པ་རབ་གསལ་ལས། དབུ་མ་པར་འདོད་པ་ཁ་ཅིག་གིས་དངོས་པོ་བདེན་གྲུབ་ཁེགས་པའི་ལུགས་སུ་བྱས་ནས། བདེན་སྟོང་བདེན་གྲུབ་ཏུ་འདོད་པ་དང་། ཁ་ཅིག་གིས་ཆོས་ཉིད་སྒྲུབ་པ་རང་དབང་བ་བདེན་གྲུབ་ཏུ་འདོད་པའི་སྔ་མ་ནི། “སྔ་མ་བདེན་སྟོང་བདེན་གྲུབ་ཏུ་འདོད་པ་ནི” བདེན་ཚད་ལེགས་པོར་མ་ཟིན་པར་རགས་པ་ཅིག་ལས་མ་ཁེགས་པར་འདུག་པའི་སྐྱོན་དུ་སྣང་ལ། “ཆོས་ཉིད་སྒྲུབ་པ་རང་དབང་བ་བདེན་གྲུབ་ཏུ་འདོད་པ་ནི” ཕྱི་མ་ནི་དངོས་པོ་བདེན་པ་བཀག་པར་རློམ་ཡང་། ཚད་མས་ཁེགས་པར་མི་སྣང་གི་དངོས་པོ་ལ་སྐུར་འདེབས་ཀྱི་ལྟ་བར་འདུག་པས། དེ་དག་གིས་མ་ངེས་པ་མེད་དོ། །ཞེས་པ་འདི་ཡིན་ནམ་སྙམ། རྗེའི་དྲང་ངེས་ལེགས་བཤད་སྙིང་པོ་ལས། དཔེའི་སྐབས་སུ་ཡང་ནམ་མཁའ་གཟུགས་མེད་པ་ཙམ་ལ་འཇོག་པ་བཞིན་དུ་བདག་མེད་འཇོག་པར་གསུངས་པས། ཆོས་ཅན་འདུས་བྱས་ལ་ཆོས་ཀྱི་བདག་རྣམ་པར་བཅད་ཙམ་གྱི་སྤྲོས་པ་མེད་དགག་ལ་ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་འཇོག་པར་ཤིན་ཏུ་གསལ་བའི་ཕྱིར། མདོ་འདིའི་དེ་ཁོ་ན་ཉིད་ཀྱི་དོན་བསྟན་པ་ངེས་པའི་དོན་དུ་འདོད་བཞིན་དུ་འགྱུར་མེད་ཡོངས་གྲུབ་དགག་བྱ་བཅད་ཙམ་གྱི་བཅད་ལྡོག་ནས་མི་འཇོག་པར་བློའི་ཡུལ་དུ་འཆར་བ་དགག་བྱ་བཅད་པ་ལ་མི་ལྟོས་པར་སྒྲུབ་པ་རང་དབང་བ་ལ་འདོད་པ་ནི་འགལ་བའོ། །ཡོངས་གྲུབ་འདི་ནི་ཆོས་རྣམས་ཀྱི་བདག་གི་ངོ་བོ་རྣམ་པར་བཅད་པ་ཙམ་ཡིན་པས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་གསུངས་ཀྱི་དགག་པའི་རང་གི་ངོ་བོ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པས་ངོ་བོ་ཉིད་མེད་པར་མི་བཞེད་པའི་ལུགས་སོ། །ཞེས་པ་འདི་ཡང་གཞན་སྟོང་འགོག་པའི་གཞུང་ཡིན་པར་སྣང) གསུངས་སོ། །ཇོ་ནང་པའམ་གཞན་སྟོང་གི་ལྟ་བ་ནི་མཁས་གྲུབ་ཀྱི་ཁུངས་གཏུགས་ས་ཅི་ཡང་མེད་པར་རང་མལ་ནས་གློ་བུར་དུ་བརྡོལ་བའི་གྲུབ་མཐའ་ཡིན་པར་ལྕང་སྐྱའི་གྲུབ་མཐར་བཤད་དོ། །གཞན་སྟོང་ངམ་ཇོ་མོ་ནང་པར་གྲགས་པའི་ལྟ་བའི་ཁུངས་གཏུག་ས་ནི་གངས་ཏེ་སིའི་འགྲམ་དུ་གྲུབ་ཆེན་ཡུ་མོ་ཞེས་བྱ་བ་ཏིང་ངེ་འཛིན་དང་མངོན་ཤེས་ཐར་ཐོར་ཡོད་པ་ཞིག་བྱུང་འདུག་པ་དེ་ཡིན་པར་གྲགས་ཤིང༌། དེས་དུས་ཀྱི་འཁོར་ལོའི་ཡིག་ཆ་འགའ་ཞིག་ཀྱང་མཛད། ལུགས་དེ་རྒྱས་པར་བྱེད་པ་པོ་ནི་ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་ཡིན་པར་འདུག་ཅིང༌། ཕྱིས་སུ་ཇོ་ནང་ཀུན་དགའ་གྲོལ་མཆོག་དང༌། ཁྱད་པར་དུ་གྲོལ་མཆོག་གི་སྐྱེ་བ་ཏཱ་ར་ནཱ་ཐས་གཞན་སྟོང་གི་ལྟ་བ་སྐྱར་གསོ་མཛད་ནས་འཆད་སྤེལ་དང་ཡིག་འཇོག་ཀྱང་མང་དུ་བརྩམས། རྟག་བརྟན་ཕུན་ཚོགས་གླིང་བཏབ། ཇོ་ནང་ལུགས་ཀྱི་བསྟན་བཅོས་མང་པོའི་སྤར་བསྒྲུབས་སོ། །ལྕང་སྐྱ་རོལ་པའི་རྡོ་རྗེའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་དང༌། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་བཅས་ཀྱི་གསུང་ལ་གཞི་བྱས།